ཚན་རྩལ་གསར་གཏོད་ནི་གྲངས་འཛིན་དུས་རབས་སུ་དཔལ་འབྱོར་འཕར་བར་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཞིབ་འཇུག་གསར་སྤེལ་ལས་ཚན་རྩལ་ཤེས་བྱ་གསར་ཤོས་ཐོན་པ་དང་། གསར་གཏོད་ཀྱིས་ཤེས་བྱ་མ་ལུས་ཁྲོམ་རའི་རིན་ཐང་ལྡན་པའི་ཐོན་རྫས་དང་། ཞབས་ཞུ་དང་བཟོ་རྩལ་ལས་རིམ་ལ་འགྱུར་གྱི་ཡོད་ཅིང་། མཐོ་གསར་ལག་རྩལ་ལས་ཐོན་སྐྱེད་དང་། འཛད་སྤྱོད། གོ་ལ་ཧྲིལ་པོའི་ཚོང་དོན་རྣམ་པ་ཕྱོགས་ཡོངས་ནས་བསྐྱར་སྐྲུན་བྱེད་ཀྱི་ཡོད། དེ་དག་གསུམ་པོ་དྲང་ཕྱོགས་འཁོར་སྐྱོད་ཐུབ་ནས་ཐོན་སྐྱེད་ཀྱི་ལས་ཕྱོད་དང་། ཐོན་ལས་ཀྱི་འགྲན་རྩོད་ནུས་པ། ཡུན་རིང་འཕར་སྣོན་གྱི་སྒུལ་ནུས་བཅས་རྒྱུན་མཐུད་ཆེ་རུ་གཏོང་གི་ཡོད།
ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་ཚན་རྩལ་གསར་གཏོད་ལ་ཕྱོགས་ཡོངས་དང་གསར་གཏོད་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། གྲངས་འཛིན་དཔལ་འབྱོར་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་པ་དང་། གོ་ལ་ཧྲིལ་པོར་གཞི་ཁྱོན་སྔོན་ཐོན་གྱི་གྲངས་འཛིན་ཁྲོམ་ར་བསྐྲུན་ནས། གྲངས་འཛིན་གཏོང་སྤྲོད་དང་། དྲ་ཐོག་ཚོང་དོན། རིག་ནུས་བཀོལ་སྤྱོད་བཅས་ཁྱབ་གདལ་རྒྱ་ཁྱབ་བྱུང་ནས། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་སྣེ་འདྲེན་ཁེ་ལས་ཁག་གཅིག་ཐོན་ཡོད། གོ་ལ་ཧྲིལ་པོའི་གཞི་ཁྱོན་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་དྲ་བ་དང་འཛམ་གླིང་རིམ་པའི་གྲུ་ཁའི་ཚོགས་པ་བསྐྲུན་པ་དང་། 5Gདྲ་རྒྱ་ཁྱབ་ཁྱོན་དང་གྲངས་གཞི་ལྟེ་གནས་ཀྱི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་གསར་གཏོད་འཕེལ་རྒྱས་ལ་སྒྲིག་ཆས་ཀྱི་རྨང་གཞི་བརྟན་པོ་བཏིང་ཡོད། མི་ཐབས་རིག་ནུས་དེ་ཉིད་རྒྱལ་ཁབ་ཀྱི་འཐབ་ཇུས་གཙོ་གནད་ལ་གྱུར་པ་དང་། འཕྲུལ་འཁོར་སློབ་སྦྱོང་དང་། རྩིས་འཁོར་གྱི་མཐོང་ཚོར། བཟོ་ལས་རང་འགུལ་ཅན་སོགས་ཀྱི་ཁྱབ་ཁོངས་སུ་མ་དངུལ་གཏོང་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་སྤྱི་ཡོངས་ཀྱི་འཕེལ་རྒྱས་ཆུ་ཚད་འཛམ་གླིང་གི་མདུན་གྲལ་དུ་སླེབས་ཡོད། ལྗང་མདོག་ཐཱན་ཉུང་ལག་རྩལ་གྱི་ལེགས་ཆ་མངོན་གསལ་དོད་དུ་ཕྱིན་ནས། ཀྲུང་གོས་གོ་ལ་ཧྲིལ་པོའི་ནུས་རྒྱུ་གསར་པའི་ཐོན་ལས་འཁོར་འབྲེལ་ཆེ་ཤོས་དང་ཆ་ཚང་ཤོས་བསྐྲུན་ཞིང་། དེ་ནི་གོ་ལ་ཧྲིལ་པོའི་གློག་སྒུལ་རླངས་འཁོར་གྱི་ཁྲོམ་ར་ཆེ་ཤོས་ཡིན་པ་དང་། སྒུལ་ཤུགས་གློག་རྫས་ལག་རྩལ་གྱི་ལེགས་ཆས་གོ་ལ་ཧྲིལ་པོའི་ནུས་རྒྱུ་ཕྱོགས་སྒྱུར་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད། འཇིག་རྟེན་འཕུར་སྐྱོད་བྱ་གཞག་ལ་མཚོན་རྟགས་རང་བཞིན་གྱི་ཚད་བརྒལ་བྱུང་སྟེ། བར་སྣང་ས་ཚིགས་རང་བརྟེན་ངང་བསྐྲུན་ནས་གཉེར་སྐྱོང་བྱས་པ་མ་ཟད། ཟླ་བའི་གོ་ལ་དང་དགུང་སྔོན་དབྱིངས་འཚོལ་ཞིབ་ཚད་ལེན་ལས་དོན་ལ་ཡང་སྐུལ་འདེད་བརྟན་པོ་ཐེབས་ནས་འཇིག་རྟེན་འཕུར་སྐྱོད་རྒྱལ་ཁབ་ཆེན་པོའི་གྲས་སུ་ཚུད་པ་ལ་སོགས།
ཀྲུང་གོའི་ཚན་རྩལ་གསར་གཏོད་ཀྱིས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་དང་གཉིས་ཁེ་གཉིས་ཕན་གྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ། སྒོ་དབྱེ་མཉམ་འདྲེས་ཀྱི་འཕེལ་རྒྱས་འགྲོ་ལམ་དུ་སྐྱོད་བཞིན་ཡོད། ཀྲུང་གོས་ཚན་རྩལ་མཉམ་ལས་བྱེད་རྒྱ་དང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་བཏང་ཞིང་། མཉམ་ལས་ཀྱི་ནང་དོན་ལ་གྲངས་འཛིན་མཉམ་སྦྲེལ་མཉམ་མཐུད་དང་། མཉམ་འབྲེལ་ཚན་ཞིབ་འགག་སྒྲོལ། ལག་རྩལ་གཞན་སྒྱུར། ལྗང་མདོག་འཕེལ་རྒྱས་རོགས་ལས། ཤེས་ལྡན་པའི་སྤེལ་རེས། མཉམ་འབྲེལ་གསར་གཏོད་རྣམ་གྲངས་སོགས་ཀྱི་ཁྱབ་ཁོངས་མང་པོ་ཚུད་ནས་ཨེ་ཤེ་ཡ་དང་། ཨ་ཧྥེ་རི་ཁ། ལ་ཏིང་མེ་གླིང་། འཛམ་གླིང་དབུས་ཤར། ཡོ་རོབ་སོགས་ཀྱི་རྒྱལ་ཁབ་དང་ཚན་རྩལ་གསར་གཏོད་ཀྱི་མཉམ་ལས་དྲ་རྒྱ་ཚགས་དམ་པོ་བསྐྲུན་ཡོད། འཛམ་གླིང་རྒྱལ་ཁབ་ཁག་ལ་མཚོན་ན། ཀྲུང་གོ་དང་ཚན་རྩལ་མཉམ་ལས་བྱེད་ཟབ་ཏུ་གཏོང་བར་གོ་སྐབས་ཆེན་པོ་ལྡན་ཡོད།
ཀྲུང་གོའི་ཚན་རྩལ་གསར་གཏོད་ལས་ལྷོ་ལྷོ་མཉམ་ལས་བྱེད་རྒྱ་དང་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་གོ་ལ་ཧྲིལ་པོའི་གསར་གཏོད་རྣམ་པ་དེ་བས་སྣ་མང་དོ་སྙོམས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཐེབས་ཡོད། ཕུགས་ནས་བལྟས་ན། གོ་ལ་ཧྲིལ་པོའི་གསར་གཏོད་ཐོན་ཁུངས་རིམ་བཞིན་ལྟེ་བ་མང་པོར་ཁྱབ་པའི་རྣམ་པ་མངོན་བཞིན་ཡོད་པས། གནམ་གཤིས་འགྱུར་ལྡོག་དང་། སྤྱི་པའི་འཕྲོད་བསྟེན། འབྲུ་རིགས་བདེ་འཇགས་སོགས་ཀྱི་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་པར་རྒྱལ་སྒྲོལ་ཚན་རྩལ་མཉམ་ལས་དང་དེ་བས་ཁ་འབྲལ་ཐབས་མེད། རྒྱལ་ཁབ་ཁག་གི་འཕེལ་རྒྱས་ཀྱི་མངོན་མེད་སྟོབས་ཤུགས་དེ་གོ་ལ་ཧྲིལ་པོའི་ཤེས་བྱའི་དྲ་རྒྱར་ཞུགས་པའི་ནུས་པར་རག་ལས་ཡོད།
འབྱུང་འགྱུར་ལ་ཕྱོགས་སྐབས། བཀག་སྡོམ་གཞན་འབུད་ཀྱི་དཔལ་འབྱོར་འཁོར་རྒྱ་ཆུང་ངུར་འཕེལ་རྒྱས་ཀྱི་གོ་སྐབས་ནམ་ཡང་ཐོབ་མི་སྲིད། ཚན་རྩལ་གསར་གཏོད་ནི་རྒྱལ་ཁབ་ཅིག་གི་དཔལ་འབྱོར་འཕར་བའི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་ལ། དུས་རབས་21པའི་གོ་ལ་ཧྲིལ་པོ་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ཡོང་བའི་རྨང་གཞི་བརྟན་པོ་ཞིག་དེ་བས་རེད། སྒོ་དབྱེ་མཉམ་འདྲེས་དང་གཉིས་ཁེ་གཉིས་ཕན་མཐའ་འཁྱོངས་བྱས་ཚེ། གཞི་ནས་ཚན་རྩལ་གསར་གཏོད་ཀྱི་དུས་རབས་ཀྱི་གོ་སྐབས་དམ་འཛིན་ནན་པོ་ཐུབ་སྟེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཐུབ།
(རྩོམ་པ་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་རེ་གཉིས་པའི་ཀྲུའུ་ཞི་དང་བྱང་མ་སི་དོ་ཉི་ཡའི་ཕྱི་འབྲེལ་པུའུ་ཀྲང་ཟུར་པ་ཡིན་པ)
(པ་ཚེ་དང་ཚེ་རིང་བུ་ཁྲིད་ཀྱིས་སྒྱུར་ཞུས་བྱས)