《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

ལོ་སྟོད་དུ་རྒྱལ་ཡོངས་སུ་འོད་གློག་གཏོང་ཚད་དུས་མཚུངས་ལས་40%འཕར་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་འོད་ཤུགས་ལས་རིགས་མཐུན་ཚོགས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་6པའི་ཟླ་མཇུག་བར། རྒྱལ་ཡོངས་སུ་འོད་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་12.7ཟིན་པར། སྔོན་དཔག་བྱས་ན་ལོ་འདིའི་ནང་སོལ་གློག་གི་གློག་གཏོང་ཚད་ལས་བརྒལ་ཏེ་རང་རྒྱལ་གྱི་གློག་ཁུངས་ཆེ་ཤོས་སུ་འགྱུར་རྒྱུ་རེད། ལོ་སྟོད་དུ་རྒྱལ་ཡོངས་སུ་འོད་གློག་གཏོང་ཚད་དུས་མཚུངས་ལས་40%ལྷག་ཙམ་འཕར་བ་དང་། དབྱར་ཁ་ཤར་ཚུན་ཉིན་དགུང་གློག་སྤྱོད་ཚད་མང་ཤོས་སྐབས་འོད་གློག་གཏོང་ཚད་གསུམ་ཆ་གཅིག་ཟིན་གྱི་ཡོད་པ་རེད།

མིག་སྔར། རང་རྒྱལ་གྱི་འོད་ཤུགས་ལས་རིགས་དེ་ཉིད་ལེགས་སྒྲིག་བྱེད་པའི་དུས་མཚམས་སུ་སླེབས་ཡོད། འོད་ཤུགས་ལས་རིགས་ཀྱི“ནང་རྨུག་འགོག་པར”སྐུལ་འདེད་བཏང་ནས། ཚད་གཞི་གཅིག་གྱུར་གྱིས་ལས་རིགས་ཀྱི་གོ་རིམ་ལྡན་པའི་འགྲན་རྩོད་ལ་ཁྲིད་སྟོན་བྱ་ཆེད། ཉེ་ཆར། ཀྲུང་གོ་འོད་ཤུགས་ལས་རིགས་མཐུན་ཚོགས་ཀྱིས་སྣེ་ཁྲིད་ནས་བཟོས་པའི་ཚོགས་པའི་ཚད་གཞི་སྟེ། 《འོད་ཤུགས་ལས་རིགས་ཀྱི་མ་གནས་ཞིབ་རྩིས་དཔེ་དབྱིབས་ཀྱི་ཀུན་འཕྲོད་སྒྲིག་སྲོལ》དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་འོད་ཤུགས་ལས་རིགས་མཐུན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས། ཚད་གཞི་དེ་བཏོན་པ་ལས་འོད་ཤུགས་ཐོན་རྫས་ཀྱི་མ་གནས་ལ་ཀུན་གྱི་ཁས་ལེན་ཐོབ་པའི་ཚད་གཞི་ཞིག་བྱུང་སྟེ། མ་གནས་ལས་དམའ་བའི་གློག་ཚོང་མཁན་ལ་ཁྲིམས་ལྟར་ཞིབ་བཤེར་བྱེད་པར་དཔྱད་གཞི་མཁོ་འདོན་བྱས་ཡོད་ལ། ཁེ་ལས་དེ་ཉིད་རིན་གོང་གི་སྐུལ་སྤེལ་ནས་རིན་ཐང་གི་སྐུལ་སྤེལ་ཕྱོགས་སུ་སྒྱུར་བར་ཡང་དེ་བས་ཁྲིད་སྟོན་གང་ལེགས་ཐུབ་སྟེ། ཐོན་ཁུངས་དེ་བས་མང་བ་ལག་རྩལ་ཞིབ་སྤེལ་དང་། སྤུས་ཚད་ལེགས་གཏོང་། སྤུས་རྟགས་འཛུགས་སྐྱོང་བཅས་ལ་སྤྱོད་ཐུབ་ཅེས་བརྗོད། (ཚེ་སྒྲོལ་གྱིས་བསྒྱུར། སྒྲོན་ལགས་ཀྱིས་ཞུས)