《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

རྒྱང་སྒྲིབ་འགོག་བཅོས་དང་གཟི་ལོག་དང་མིག་ཤེད་ཞན་པའི་ནད་གཞི་བཅོས་ཐབས་སྐོར་གྱི་ཕྱོགས་སྟོན་དཔར་མ་གསར་པ་ཁྱབ་བསྒྲགས་བྱས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གཞུང་དོན་ཐིང་གིས་2026ལོའི་དཔར་མའི་རྒྱང་སྒྲིབ་འགོག་བཅོས་ཕྱོགས་སྟོན་དང་། གཟི་ལོག་དང་མིག་ཤེད་ཞན་པའི་ནད་གཞི་བཅོས་ཐབས་སྐོར་གྱི་ཕྱོགས་སྟོན་བཀྲམ་ནས། རྒྱང་སྒྲིབ་འགོག་ཟོན་དང་། གཟི་ལོག་དང་མིག་ཤེད་ཞན་པའི་ནད་གཞི་སྨན་བཅོས་ཀྱི་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ཡོད་པ་རེད།

ཉེ་བའི་ལོ་ཤས་རིང་། རང་རྒྱལ་དུ་རྒྱང་སྒྲིབ་ཕོག་ཚད་མཐོ་པོ་ཡོད་པས། དེ་ནི་རྒྱལ་དམངས་དང་ལྷག་པར་དུ་བྱིས་པ་དང་གཞོན་ནུ་ལོ་ཆུང་གི་མིག་གི་བདེ་ཐང་ལ་ཤུགས་རྐྱེན་བཟོ་བའི་སྤྱི་པའི་འཕྲོད་བསྟེན་གྱི་གནད་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད། རིམས་ནད་རིག་པའི་བརྟག་དཔྱད་ལས་མངོན་པ་ལྟར་ན། ནད་ཁམས་རང་བཞིན་གྱི་རྒྱང་སྒྲིབ་དང་འབྲེལ་བའི་མིག་ནད་དེ་རང་རྒྱལ་གྱི་ལྡོག་ཐབས་དཀའ་བའི་མིག་ལོང་བའི་ནད་རྐྱེན་གཙོ་བོར་གྱུར་ཡོད།

རྒྱང་སྒྲིབ་འགོག་བཅོས་ཀྱི་ཕྱོགས་སྟོན་དཔར་མ་གསར་པའི་ནང་བཏོན་དོན། ཕྲུ་གུ་དམར་འབྱར་སྐབས་ནས་གཏན་འབེབས་གཞིར་བཟུང་བྱིས་པའི་མིག་ལ་བདེ་སྲུང་བྱེད་དགོས་པ་དང་། ལོ་ཚོད་ལ་གཞིགས་ནས་མིག་ཤེད་ཚོད་སྐོར་བྱེད་ཐབས་འོས་འཚམ་སྤྱོད་དགོས། ཧྲིལ་ལོ་གཉིས་ལ་སླེབས་པ་ནས་བཟུང་མིག་འོད་ཀྱོག་མིན་ལ་བརྟག་དཔྱད་བྱས་ཏེ། བྱིས་པའི་རྒྱུན་མཐོང་མིག་ནད་དང་། མིག་ཤེད་ཞན་པ། ཉེ་སྒྲིབ་ཀྱི་གནས་ཚུལ་བཅས་ལ་རྒྱུས་ལོན་བྱེད་དགོས། བུ་བཅོལ་ཁང་གི་དུས་མཚམས་ནས་བཟུང་དུས་བཀག་ནང་མིག་ཤེད་དང་། འོད་ཀྱོག་ཚད་ཀྱི་ཏུའུ་གྲངས། མིག་མདའི་རིང་ཚད། མིག་སྐྱིའི་འཁྱོག་ཚད་སོགས་ལ་ཞིབ་བཤེར་བྱེད་དགོས་པ་མ་ཟད། མིག་སྦུབས་ཀྱི་གྲུབ་ཆར་ལྟ་ཞིབ་ཚད་ལེན་དང་ལོ་ཚོད་དང་ཟུང་འབྲེལ་གྱིས་ཉེ་སྒྲིབ་ཀྱི་ཚད་གཞི་གང་དུ་སླེབས་མིན་བཅས་ལ་ཚོད་སྐོར་བྱེད་དགོས། རྒྱང་སྒྲིབ་ཚད་གཞི་མཐོ་པོ་ཡོད་པའི་ཁྱིམ་རྒྱུད་ཀྱི་བྱིས་པར་དུས་བཀག་ནང་བརྟག་དཔྱད་བྱས་ནས་གཙོ་གནད་ཐོག་འགོག་ཟོན་བྱེད་པར་ཤུགས་སྣོན་རྒྱག་དགོས།

གཟི་ལོག་ནི་བྱིས་པའི་མཐོང་ཚོར་འཚར་སྐྱེ་ལ་འགོག་རྐྱེན་བཟོ་བའི་རྒྱུན་མཐོང་གི་མིག་ནད་ཅིག་རེད། སྔ་ཙམ་ནས་གཟི་ལོག་བཅོས་ཐུབ་ན་མིག་ཤེད་འཚར་སྐྱེ་དང་མིག་ཟུང་གི་མཐོང་ཚོར་ནུས་པ་མི་ཉམས་པར་ཕན་པ་ཆེན་པོ་ཡོད།

གཟི་ལོག་སྨན་བཅོས་ཀྱི་ཕྱོགས་སྟོན་དཔར་མ་གསར་པ་ལས་མངོན་དོན། གཟི་ལོག་བརྟག་དཔྱད་བྱེད་པར། ནད་རྒྱུས་དང་། མིག་གནས། མིག་འབྲས་འགུལ་སྐྱོད། འོད་ཀྱོག་ཚུལ། མིག་ཤེད། མིག་ཟུང་གི་མཐོང་ཚོར་ནུས་པ་དང་དེ་བཞིན་མིག་དང་གཟུགས་པོ་ཡོངས་ལ་ན་ཚ་ཡོད་མེད་བཅས་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས། སྨན་བཅོས་མ་བྱས་གོང་འོད་ཀྱོག་ཡོ་བསྲང་དང་མིག་ཤེད་ཞན་པོར་སྨན་བཅོས་བྱེད་དགོས། གཤགས་བཅོས་རན་མིན་དེ་གཟི་ལོག་རིགས་དང་། གཟི་ལོག་གི་ཏུའུ་གྲངས་བརྟན་པོ་ཡོད་མེད། ལོ་ཚོད། མིག་ཟུང་གི་མཐོང་ཚོར་རྣམ་པ། བསྐྱར་མཐོང་ནད་རྟགས་དང་དེ་བཞིན་གཟུགས་པོ་ཡོངས་ཀྱི་གནས་ཚུལ་ལ་ཕྱོགས་བསྡུས་བསམ་གཞིགས་བྱས་ནས་གཟབ་ནན་གྱིས་ཐག་གཅོད་དགོས།

མིག་ཤེད་ཞན་པ་ནི་མཐོང་ཚོར་འཚར་སྐྱེ་དང་འབྲེལ་བའི་ནད་གཞི་ཞིག་ཡིན་ཞིང་། དེས་མིག་གཅིག་གམ་ཡང་ན་མིག་གཉིས་ཀྱི་མིག་ཤེད་གསོ་བའི་དུས་ཚོད་ཡག་ཤོས་འཐུས་ཤོར་དུ་འགྲོ་བ་དང་། མིག་གཉིས་ཀྱི་མཐོང་ཚོར་ནུས་པ་ཆགས་པ་དང་སྐྱེ་འཚར་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད།

མིག་ཤེད་ཞན་པའི་ནད་གཞི་བཅོས་ཐབས་སྐོར་གྱི་ཕྱོགས་སྟོན་གསར་པའི་ནང་གསལ་པོར་འཁོད་དོན། མིག་ཤེད་ཞན་པའི་ནད་གཞིར་སྨན་བཅོས་ལམ་ལྷོངས་ཡོང་ཚད་རྒྱུན་དུ་ལོ་མཐོ་རུ་འགྲོ་བ་དང་བསྟུན་ནས་ཆག་འགྲོ་གི་ཡོད། སྨན་བཅོས་ཇུས་གཞི་གཏན་འབེབས་བྱེད་སྐབས་བྱིས་པའི་ལོ་ཚོད་དང་། མིག་ཤེད་ཞན་པའི་རིགས་དང་ཚབ་ཆེ་ཆུང་། མིག་ཤེད་ཀྱི་ཚད་གཞི། དེ་སྔའི་སྨན་བཅོས་གནས་ཚུལ། དེ་བཞིན་ཁྱིམ་ཚང་གི་རྒྱབ་སྐྱོར་བྱེད་ཤུགས་དང་། སེམས་ཁམས་གནས་ཚུལ། སྤྱི་ཚོགས་ཁོར་ཡུག་སོགས་ཀྱི་རྒྱུ་རྐྱེན་ལ་ཕྱོགས་བསྡུས་བསམ་གཞིག་བྱེད་དགོས།

(རིག་རྡོར་གྱིས་སྒྱུར་ཞུས་བྱས)