ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཁཱ་ལོ་སི་ནུའོ་ཝར་གློག་འཕྲིན་བཏང་ནས། ཁོང་སོ་ཐོ་མེ་དང་ཕུ་རིན་སི་ཕེ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་མུ་མཐུད་བདམས་པར་རྟེན་འབྲེལ་ཞུས་གནང་བ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ཉེ་བའི་ལོ་ཤས་རིང་། ཀྲུང་སོ་ཕུའི་འབྲེལ་བའི་འཕེལ་ཕྱོགས་བཟང་ཞིང་། ཕྱོགས་གཉིས་པོའི་དབར་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་བྱ་ཡུལ་གལ་ཆེན་དང་འབྲེལ་བའི་གནད་དོན་ལ་བློ་རྩ་བརྟན་པོས་ཕན་ཚུན་རྒྱབ་སྐྱོར་བྱས་པར། ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད། ངས་ཀྲུང་སོ་ཕུའི་འབྲེལ་བ་འཕེལ་རྒྱས་གཏོང་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད་ལ། ཙུང་ཐུང་ནུའོ་ཝ་དང་མཉམ་དུ་འབད་བརྩོན་གྱིས་ཀྲུང་ཧྥེའི་མཉམ་ལས་གླེང་སྟེགས་པེ་ཅིང་དབུ་ཚོགས་ཀྱི་གྲུབ་འབྲས་དོན་འཁྱོལ་བྱ་རྒྱུ་གོ་སྐབས་སུ་བྱས་ཏེ། ཀྲུང་སོ་ཕུའི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་དེ་བས་ཆེ་བ་སྐྲུན་འདོད་ཡོད།