《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月31日

ན་ནིང་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སློབ་མ་མི་ཐེངས་དུང་ཕྱུར་1.6ཙམ་ལ་རོགས་དངུལ་སྤྲད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་28ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སློབ་གསོ་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་རྒྱལ་ཡོངས་སུ་རིམ་རྩིས་བརྒྱབ་ན་སློབ་མ་མི་ཐེངས་དུང་ཕྱུར་1.6ཙམ་ལ་རོགས་དངུལ་སྤྲད་པ་དེ་2024ལོ་ལས་5%ལྷག་ཙམ་འཕར་ཡོད་པ་རེད།

དེའི་ནང་ཁྱིམ་ཚང་གི་དཔལ་འབྱོར་དཀའ་ངལ་ཡོད་པའི་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྲི་1877ལ་འཚོ་བའི་ཁ་གསབ་རོགས་དངུལ་སྤྲད་པ་དང་། སློབ་མ་ཁྲི་2758ལ་འཚོ་བཅུད་ལེགས་གཏོང་འཆར་གཞི་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། འབྲིང་རིམ་ལས་རིགས་སློབ་གསོའི་སློབ་མ་ཁྲི་2ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་གཟིགས་བཟོས་ཐོབ་པ་དང་། སློབ་མ་ཁྲི་1279ལ་སློབ་ཡོན་རྩ་ཆག་བཏང་བ། སློབ་མ་ཁྲི་407ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་རག་ཡོད། མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྲི་465ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་རག་པ་དང་སློབ་མ་ཁྲི་199ལ་སློབ་ཡོན་ཙག་ཙིག་རྩ་ཆག་བཏང་ཡོད། མཐོ་རིམ་སློབ་གསོའི་དུས་མཚམས་ཀྱི་སློབ་མ་ཁྲི་21ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་གཟིགས་བཟོས་དང་། སློབ་མ་ཁྲི་122ལ་རྒྱལ་ཁབ་ཀྱི་སྦྱངས་འབྲས་ལེགས་ཐོན་གྱི་སྐུལ་ལྕག་གཟིགས་བཟོས། སློབ་མ་ཁྲི་264ལ་ཞིབ་འཇུག་སློབ་མའི་སྦྱངས་འབྲས་ལེགས་ཐོན་གཟིགས་བཟོས། སློབ་མ་ཁྲི་1271ལ་རྒྱལ་ཁབ་ཀྱི་སློབ་ཞུགས་རོགས་དངུལ་བཅས་རག་ཡོད་ལ། སློབ་མ་ཁྲི་852ལ་རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་རག་ཡོད།

དེ་དང་ཆབས་ཅིག རོགས་སྐྱོར་མ་དངུལ་བརྟན་པོ་འཕར་ཞིང་། 2025ལོར་རྒྱལ་ཡོངས་སུ་སློབ་མར་རོགས་དངུལ་སྒོར་དུང་ཕྱུར་3900ལྷག་ཙམ་བཏང་བ་དེ་ལོ་གོང་མ་ལས་14%ལྷག་ཙམ་འཕར་ཡོད། དེའི་ནང་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་2400ཙམ་བཏང་བ་དེས་རོགས་སྐྱོར་དངུལ་འབོར་གྱི་བཅུ་ཆ་དྲུག་བཟུང་བ་དང་། དེ་ནི་རོགས་སྐྱོར་མ་དངུལ་གྱི་ཡོང་ཁུངས་གཙོ་བོ་རེད།

སློབ་གསོ་པུའི་ནོར་དོན་སིའི་སི་ཀྲང་ལིའུ་ཡུས་ཀོང་གིས། ད་ལྟའི་དུས་མཚམས་སུ་རང་རྒྱལ་གྱི་སློབ་མར་རོགས་དངུལ་སྤྲོད་པའི་ཐད་སྲིད་གཞུང་གིས་རོགས་དངུལ་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་སློབ་གྲྭ་དང་སྤྱི་ཚོགས་ཀྱིས་རོགས་དངུལ་སྤྲོད་རྒྱུ་ཕལ་པར་བྱེད་པ་དང་། བྱེད་ཐབས་ཐད་རིན་མེད་རོགས་དངུལ་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་རིན་ཡོད་རོགས་དངུལ་སྤྲོད་རྒྱུ་ཕལ་པར་བྱེད་པ། རོགས་དངུལ་སྤྲོད་ཡུལ་ཐད་དཀའ་ངལ་ཡོད་པར་རོགས་དངུལ་སྤྲོད་རྒྱུ་གཙོ་བོར་བྱེད་པ་དང་ཕུལ་བྱུང་ལ་བྱ་དགའ་སྤྲོད་རྒྱུ་ཕལ་པར་བྱེད་པ། སྣ་མང་སྲིད་ཇུས་ཟུང་དུ་འབྲེལ་བ་བཅས་ཀྱི་ཀྲུང་གོའི་ཁྱད་ཆོས་ཀྱི་སློབ་མའི་རོགས་དངུལ་མ་ལག་གྲུབ་སྟེ། ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་འཕྲད་པའི་རྐྱེན་གྱིས་སློབ་མ་སློབ་མཚམས་ཆད་པའི་གནས་ཚུལ་མི་ཐོན་ཆེད་ལམ་ལུགས་ནས་འགན་ལེན་བྱས་ཡོད་ཅེས་བརྗོད།

རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་ནི་མཐོ་རིམ་སློབ་གསོའི་སློབ་མར་རོགས་སྐྱོར་བྱེད་པའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་ཆར། མཐོ་སློབ་ཀྱི་སློབ་བསྡུའི་ལས་དོན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་པས། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་གཅིག་སྡུད་བདག་སྤྲོད་བྱེད་པའི་དུས་མཚམས་སུ་སླེབས་ཡོད། རྒྱལ་ཡོངས་སློབ་མའི་རོགས་དངུལ་དོ་དམ་ལྟེ་གནས་ཀྱི་ཀྲུའུ་རེན་ཁྲེན་ཧྲུའུ་མེ་ཡིས། རྒྱལ་ཁབ་ཀྱི་སློབ་སྐྱོར་དངུལ་བུན་སྲིད་ཇུས་ལག་བསྟར་བྱས་ཚུན། 2025ལོའི་ལོ་མཇུག་བར། རིམ་རྩིས་བརྒྱབ་ན། སྒོར་དུང་ཕྱུར་6958བཏང་བར་སློབ་མ་ཁྲི་3000ལྷག་ཙམ་ལ་ཕན་པ་ཐོབ་ཡོད་ཅེས་བརྗོད།

(པ་སངས་ཀྱིས་བསྒྱུར། པ་སངས་དང་ཚེ་ཁོས་ཞུས)