འདི་ལོའི་ཟླ་7ཚེས་6ཉིན་ནི་ཀྲུང་གོ་དང་ཧེ་ཧྲན་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བའི་དྲན་གསོའི་ཉིན་མོ་རེད།
ཟླ་7པའི་ཡ་ཏེ་ལི་ཡའི་མཚོ་འགྲམ་དུ་མཚོ་རླུང་དལ་བུར་ལྡང་བ་དང་སྐྱེ་དངོས་ཚང་མ་སྐྱེ་འཚར་ཤིན་ཏུ་རྒྱས། སྐྱེ་སྟོབས་ཀྱི་དཔལ་འབར་བའི་དུས་འདིར། ཀྲུང་ཧེའི་འབྲེལ་བར་ལོ་རྒྱུས་ཀྱི་དུས་སྐབས་གལ་ཆེན་ཞིག་སླེབས་ཡོད། ལོ་ངོ་ཉི་ཤུ་ལྷག་ཙམ་རིང་། རྒྱལ་ཁབ་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་འདྲ་མཉམ་གྱི་ལྟ་སྟངས་བཟུང་ནས་སྤྱི་ཚོགས་ཀྱི་ལམ་ལུགས་མི་འདྲ་བའི་རྒྱལ་ཁབ་དབར་མཛའ་མཐུན་མཉམ་གནས་ཀྱི་མིག་དཔེར་གྱུར་ཡོད།
ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱས་ནས་འཐབ་ཇུས་ཀྱི་རྨང་གཞི་བརྟན་དུ་བཏང་ཞིང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པ་ནི་ཀྲུང་ཧེའི་འབྲེལ་བ་བརྟན་ཁྲོད་རྒྱང་འཁྱོལ་ཡོང་བའི་འགན་ལེན་གལ་ཆེན་ཞིག་རེད། ཕྱི་འབྲེལ་བཙུགས་ནས་ལོ་ངོ་20སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་ཆེན་པོ་བྱེད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཡོད། ཧེ་ཧྲན་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་རྩ་དོན་ལ་བརྩི་སྲུང་ནན་པོ་ཞུ་གི་ཡོད་ལ། ཧེ་ཧྲན་ཕྱོགས་ཀྱིས་རང་རྒྱལ་ཁབ་ཀྱི་རྒྱལ་བབ་དང་འཚམ་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་བསྔགས་བརྗོད་དང་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད།
དངོས་སྒྲུབ་མཉམ་ལས་ཟབ་ཏུ་བཏང་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ཞིང་། དངོས་སྒྲུབ་མཉམ་ལས་ནི་ཀྲུང་ཧེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་གི་འབྱུང་ཁུངས་གལ་ཆེན་ཞིག་རེད། སྤུས་ཚད་མཐོ་པོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱི་མཉམ་ལས་སྒྲོམ་གཞིའི་འོག ཀྲུང་ཧེའི་དངོས་སྒྲུབ་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཧེ་ཧྲན་ལྷོ་བྱང་མྱུར་བགྲོད་གཞུང་ལམ་གྱི་སྔོན་སྐྱོད་ལམ་དུམ་ལ་རིམ་རྩིས་བརྒྱབ་ན་རླངས་འཁོར་ཁྲི་1000ལྷག་ཙམ་ཤར་གཏོང་ཐུབ་ནས། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་བཟང་པོ་ཐོན་ཏེ་མིང་དོན་མཚུངས་པའི་སྦྲེལ་མཐུད་ཀྱི་ལམ་བུ་དང་འཕེལ་རྒྱས་ཀྱི་ལམ་བུར་གྱུར་ཡོད། འདི་ལོའི་ཟླ་6པར། ལྷོ་བྱང་མྱུར་བགྲོད་གཞུང་ལམ་གྱི་ལམ་དུམ་གཉིས་པའི་རྣམ་གྲངས་དངོས་སུ་ལས་འགོ་ཚུགས་ནས། ཧེ་ཧྲན་ལྷོ་བྱང་འགྲིམ་འགྲུལ་གྱི་འཕར་རྩ་ཆེན་པོ་སྔར་བས་ཤར་གཏོང་ཐུབ་ཡོད། མོ་རུ་ལའི་རླུང་ཤུགས་གློག་ཁང་གིས་ལྗང་མདོག་ནུས་རྒྱུ་རྒྱུན་མཐུད་སྐྱེལ་འདྲེན་བྱས་པས་ཕུའུ་ལེ་ཧྥུའུ་ལི་ཡཱ་ཚ་ནུས་གློག་ཁང་གི་སྐྱེ་ཁམས་སྒྱུར་བཀོད་ལ་སྐུལ་འདེད་བརྟན་པོ་ཐེབས་ཡོད། ཕྱོགས་གཉིས་པོའི་གྲངས་འཛིན་དཔལ་འབྱོར་དང་མི་ཐབས་རིག་ནུས་སོགས་གསར་དར་ཁྱབ་ཁོངས་ཀྱི་མཉམ་ལས་ཡར་ངོའི་ཟླ་ལྟར་འཕེལ་རྒྱས་ཕྱིན་ནས་ཧེ་ཧྲན་དེང་རབས་ཅན་གྱི་འཕེལ་རིམ་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། མི་རིང་བའི་གོང་། ཧེ་ཧྲན་གྱི་ཙུང་ལི་སི་ཕཱ་དབྱི་ཆི་ཀྲུང་གོར་དབྱར་དུས་ཏ་ཝོ་སིའི་གླེང་སྟེགས་ལ་ཞུགས་པ་དང་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་གཏོང་བ་དང་ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་རྒྱ་ཆེར་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་གསར་པ་བྱུང་ཡོད།
ཕྱི་འབྲེལ་བཙུགས་ནས་ལོ་ངོ་20འཁོར་བ་ནི་འོད་སྟོང་འཕྲོ་བའི་ལམ་ཚད་རྡོ་རིང་ཞིག་ཡིན་ལ། གྲུ་གཡོར་བསྒྲེངས་ནས་རྒྱང་སྐྱོད་བྱེད་པའི་འགོ་འཛུགས་ས་གསར་པ་ཞིག་ཀྱང་རེད། མིག་སྔར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་ནས། འཛམ་གླིང་ལ“ཀྲུང་གོའི་གོ་སྐབས་2.0”གྱི་ཕན་པ་རྒྱུན་མཐུད་སྐྲུན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཧེ་ཧྲན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་པོའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་བྱས་ནས། རྒྱལ་ཁབ་གཉིས་པོའི་འབྲེལ་བར་འཕེལ་རྒྱས་དེ་བས་ཆེ་བ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་། གཉིས་ཁེ་གཉིས་ཕན་སྐྲུན་མགྱོགས་སུ་གཏོང་བ། དངོས་སྒྲུབ་ཀྱི་གྲུབ་འབྲས་དེ་བས་མང་བར་བརྟེན་ཏེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་པ་བཅས་བྱས་ཏེ་ཀྲུང་ཧེའི་འབྲེལ་བའི་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་འདོད་ཡོད།
(རྩོམ་པ་པོ་ནི་ཧེ་ཧྲན་དུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན་པ)
(པད་ཆོས་ཀྱིས་བསྒྱུར། ཉི་དོན་གྱིས་ཞུས)