འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་8ཉིན་གློག་འཕྲིན་འབྱོར་གསལ། ཚེས་8ཉིན། རིག་གནས་དང་ཡུལ་སྐོར་པུས་མཚོ་སྔོན་དུ་2026ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཀྱི་ཚོགས་ར་གཙོ་བོའི་བྱེད་སྒོ་སྤེལ་བ་ལས། 2026ལོའི་རྒྱལ་ཡོངས་ཀྱི་དབྱར་གསེང་རིང་གི་རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་ཞིང་། ས་གནས་ཁག་སྒྲིག་འཛུགས་ཀྱིས་དབྱར་གསེང་རིང་ཁྱད་ལྡན་རིག་གནས་ཡུལ་སྐོར་བྱེད་སྒོ་དང་དམངས་ཕན་བྱེད་ཐབས་འདོན་པ་དང་། དུས་ཚིགས་དང་བསྟུན་པའི་རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་འདོན་དང་ཞབས་ཞུའི་སྤུས་ཚད་ལེགས་སུ་བཏང་ནས། དབྱར་དུས་སྤྲོ་འཆམ་དུ་འགྲོ་བ་དང་རིག་གནས་ཡུལ་སྐོར་འཛད་སྤྱོད་ཐད་ཀྱི་རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བའི་དགོས་མཁོ་དེ་བས་ལེགས་པའི་ངང་སྐོང་རྒྱུ་ཡིན་པ་རེད།
ད་ཐེངས་དབྱར་གསེང་རིང་། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་དུས་ཚིགས་ཟླ་7པའི་ཟླ་སྟོད་ནས་ཟླ་8པའི་ཟླ་མཇུག་བར་ཡིན་པ་དང་། རིག་གནས་དང་ཡུལ་སྐོར་པུས་འབྲེལ་ཡོད་སྡེ་ཚན་དང་། ཁེ་ལས། ལས་སྟེགས་བཅས་དང་མཉམ་དུ་བྱེད་སྒོ་སྤེལ་རིང་ལྟ་སྐོར་དང་། ཚ་གཡོལ། ཕྱོགས་ཐོན། འགྲན་བསྡུར་ལྟ་བ་སོགས་ཕྱོགས་མང་པོའི་དམངས་ཕན་བྱེད་ཐབས་བཏོན་ཡོད། ཚོགས་ར་གཙོ་བོའི་བྱེད་སྒོར། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དམངས་སྤྱོད་མཁའ་འགྲུལ་གྱི་དབྱར་གསེང་སྐྱེལ་འདྲེན་དང་རིག་གནས་ཡུལ་སྐོར་གྱི་དམངས་ཕན་བྱེད་ཐབས་ཁྱབ་བསྒྲགས་བྱས་པ་དང་། ཀྲུང་གོ་གནམ་གཤིས་ཅུས་ཀྱིས་དབྱར་གསེང་གི་ཚ་གཡོལ་ས་བཀྲ་དང་སྐར་མར་ལྟ་ཕྱོགས་ཁྱབ་བསྒྲགས་བྱས་པ། ཀྲུང་གོ་དངུལ་འབྲེལ་རྩ་འཛུགས་ཀྱིས་མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་གཅོག་པ་དང་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་གི་འཛད་སྤྱོད་འཛིན་ཤོག་སྤྲོད་པ་སོགས་ཀྱི་གཟིགས་སྐྱོང་བྱེད་སྒོ་སྤེལ་བ།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) གཏོང་སྤྲོད་འབོ་ཡིས“ཁ་གསབ་ཁྲི་བརྒྱའི”ཆེད་དོན་བྱེད་སྒོ་སྤེལ་ནས་ཡུལ་སྐོར་བར་ཆེད་གཏོགས་རིག་གནས་ཡུལ་སྐོར་གྱི་གཟིགས་སྐྱོང་འཛིན་ཤོག་སྦབ་ཆ་སྤྲོད་པ། ཏཱ་མའེ་རོལ་རྩེད་ཀུང་སིས་གློག་བརྙན་དང་གཏམ་བརྗོད་ཟློས་གར་སོགས་སྟོན་ཐེངས་རེ་འགའི་སྤ་སེའི་རིན་གོང་གཅོག་པ། ཏི་ཏི་ཕྱིར་སྐྱོད་ལས་སྟེགས་སུ“དབྱར་གསེང་རིང་སྒེར་འཁོར་གཏོང་བའི་དུས་ཚིགས”དང་ཉེ་ཚུགས་སྤྱི་སྤྱོད་རླངས་འཁོར་སོགས་ཀྱི་བྱེད་སྒོ་དང་ཚད་ལོན་གོང་གཅོག་བྱེད་སྒོ་སྤེལ་བ། མོས་འདེམས་ཚོགས་པས་གསོལ་མགྲོན་ཁང་དང་དམངས་སྲོལ་གནས་ཚང་དང་། འགྲིམ་འགྲུལ་ཕྱོགས་ཐོན། མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་། ཡུལ་སྐོར་སྤྲོ་འཆམ་སོགས་ལ་དབྱར་དུས་ཀྱི་དམིགས་བསལ་རིན་གོང་གཅོག་གི་ཡོད།
དབྱར་གསེང་རིང་། ས་གནས་ཁག་གིས་དབྱར་ཁའི་ཚ་གཡོལ་དང་། མཚོ་འགྲམ་སྤྲོ་གསེང་། མཚན་མོའི་དཔལ་འབྱོར། སྤྲོ་གསེང་གྲུ་གཟིངས། ཕ་མ་བུ་ཕྲུག་གི་སྤྲོ་གསེང་། ཞིབ་སློབ་ཡུལ་སྐོར། མངོན་མིན་རིག་གནས་ཤུལ་བཞག་གི་ཞིམ་ཟས། རྟེན་མཛོད་ཁང་གི་ཡུལ་སྐོར་སོགས་ཀྱི་དགོས་མཁོར་དམིགས་ནས། སྤུས་ལེགས་རིག་གནས་དང་ཡུལ་སྐོར་ཐོན་རྫས་ཀྱི་མཁོ་སྤྲོད་མང་དུ་གཏོང་བ་དང་། རིག་གནས་དང་ཡུལ་སྐོར་གྱི་འཛད་སྤྱོད་བྱེད་སྒོ་ཐེངས་ཁྲི་3ལྷག་ཙམ་སྤེལ་བ། སྒོར་དུང་ཕྱུར་4.5ལྷག་ཙམ་རི་བའི་འཛད་སྤྱོད་འཛིན་ཤོག་སོགས་འཛད་སྤྱོད་ཁ་གསབ་སྤྲོད་པ་བཅས་བྱས་ཏེ་གྲོང་མི་དང་ཡུལ་སྐོར་བར་དབྱར་གསེང་དགའ་བས་རོལ་བ་དང་འགྲུལ་བཞུད་སྐྱིད་པོ་ཡོང་བར་རམ་འདེགས་བྱ་རྒྱུ་རེད།
(ཚེ་སྒྲོལ་གྱིས་སྒྱུར་ཞུས་བྱས)