《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月11日

ཞི་ཅིན་ཕིང་གིས་ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཐོན་པར་མཛུབ་སྟོན་གལ་ཆེན་གནང་ནས་ནན་བཤད་གནང་དོན།

ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་བཅོས་སྒྲིག་གཏིང་ཟབ་དང་བདེ་འཇཌ་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་བྱས་ཏེ་ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་དགོས།

ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་9ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་9ཉིན་གྱི་ཆུ་ཚོད་12ཙམ་ལ། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བ་རེད།

མེ་སྐྱོན་ཐོན་རྗེས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཚད་མཐོའི་མཐོང་ཆེན་གནང་ནས་མཛུབ་སྟོན་གལ་ཆེན་གནང་ཞིང་། ཁོང་གིས། ཧྥུའུ་ཅན་ཆོན་ཀྲོའུ་ཅིན་ཅང་གྲོང་ཁྱེར་གྱི་ལྷམ་བཟོ་གྲྭ་ཞིག་ལ་མེ་སྐྱོན་ཐོན་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་ཡོད་པས། མི་སྣ་འཚོལ་སྐྱོབ་དང་རྗེས་འཇུག་སེམས་གསོ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་བསྒྲུབས་ཏེ། མེ་སྐྱོན་ཐོན་རྐྱེན་གང་མགྱོགས་རྩད་གཅོད་དང་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ད་ལོ་ཚུན་དུ། རྒྱལ་ནང་དུ་ཐོན་སྐྱེད་བདེ་འཇགས་ཀྱི་ལས་འཛོལ་ཚབས་ཆེན་ཐེངས་མང་ཐོན་ཡོད་པས། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསླབ་བྱ་གཏིང་ཟབ་བླངས་ཏེ་འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་དེ་བས་ཡག་པོ་དང་། དུས་དང་རྣམ་པ་ཀུན་ཏུ་བདེ་འཇགས་ཐོན་སྐྱེད་ཀྱི་རྩ་བ་དེ་དམ་པོར་འཛིན་པ། ཉེན་ཁའི་མངོན་མེད་རྐྱེན་ངན་སྣ་ཚོགས་གྲལ་བཤེར་དང་བཅོས་སྒྲིག་གཏིང་ཟབ། བདེ་འཇགས་ཐོན་སྐྱེད་ཀྱི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མ་ཐོན་སྔོན་འགོག་མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མཆན་བཀོད་མཛུབ་སྟོན་གནང་ཞིང་། ཁོང་གིས། ནུས་ཤུགས་ཡོད་རྒུས་འཚོལ་སྐྱོབ་དང་། རྗེས་འཇུག་སེམས་གསོའི་ལས་དོན་ཡག་པོ་སྒྲུབ་པ། ཞོར་ཐོན་ལས་འཛོལ་སྔོན་འགོག་བཅས་བྱེད་པ་དང་དུས་མཚུངས། མེ་སྐྱོན་ཐོན་རྐྱེན་གང་མགྱོགས་རྩད་གཅོད་བྱས་ནས་ཁྲིམས་ལྟར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་བདེ་འཇགས་ཐོན་སྐྱེད་ཨུ་ལྷན་གཞུང་དོན་ཁང་གིས་ས་གནས་ཁག་ལ་མཐའ་ཚད་འཛིན་སེམས་དང་མཐའ་ཟད་བསམ་གཞིག་བརྟན་པོ་འཛུགས་པར་སྔར་བས་མཛུབ་ཁྲིད་ལྟ་སྐུལ་དང་། བདེ་འཇགས་ཐོན་སྐྱེད་ཀྱི་ཉེན་ཁའི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར། འགན་འཁྲིའི་བྱ་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། ལས་འཛོལ་ཚབས་ཆེན་དང་ཧ་ཅང་ཚབས་ཆེན་མ་ཐོན་སྔོན་འགོག་བྱེད་དགོས་ཞེས་གསུངས་པ་རེད།

ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་ལི་ཆང་གི་བླང་བྱ་གཞིར་བཟུང་། འཕྲལ་སྡོམ་དོ་དམ་པུས་ལས་དོན་ཚོགས་ཆུང་ལས་ཡུལ་དངོས་སུ་མཛུབ་ཁྲིད་བྱེད་པར་མངགས་པ་རེད། ཧྥུའུ་ཅན་ཞིང་ཆེན་གྱིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ནས་རྨས་མ་སྐྱོབ་བཅོས་དང་ས་གནས་ས་ཐོག་ཏུ་གནས་ཚུལ་ཐག་གཅོད་བྱེད་པ་སོགས་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་བཞིན་ཡོད་པ་དང་། མིག་སྔར་ལས་དོན་ཁག་སྤེལ་བཞིན་པའི་སྒང་རེད།

(བསོད་བདེ་གཞོན་པས་བསྒྱུར། པ་ཚེ་དང་བསོད་བདེ་གཞོན་པས་ཞུས)