《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年07月09日

ས་ཆུ་སྲུང་འཛིན་བཅའ་ཁྲིམས་བཟོ་བཅོས་བརྒྱབ་ནས་ལག་བསྟར་བྱས་ཏེ་ལོ་15སོང་བ།

རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ཐུབ་ཚད་73.09%བར་མཐོ་རུ་ཕྱིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཆུ་བེད་པུའུ་ནས་ཤེས་རྟོགས་བྱུང་བར། 2025ལོའི་ལོ་མཇུག་བར་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་ཁྲི་257.64བར་ཆག་པ་དང་རྒྱལ་ཡོངས་ཀྱི་ས་ཆུ་སྲུང་འཛིན་ཐུབ་ཚད་73.09%བར་འཕར་བ་རེད།

ད་ལོ་ནི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་ཆུ་སྲུང་འཛིན་བཅའ་ཁྲིམས》ལ་བཟོ་བཅོས་བརྒྱབ་ནས་ལག་ལེན་བསྟར་ཏེ་ལོ་15སོང་ཞིང་། ལོ་15ཡི་རིང་གཞི་ཁྱོན་ཆེ་བའི་གསར་སྤེལ་འཛུགས་སྐྲུན་བྱེད་སྒོས་ས་ཆུ་ཤོར་སྲིད་པའི་གནས་ཚུལ་ཚོད་འཛིན་ནུས་ལྡན་ཐུབ་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ཐོན་སྐྱེད་འཛུགས་སྐྲུན་རྣམ་གྲངས་ཁྲི་48ལྷག་ཙམ་ལ་ཁྲིམས་ལྟར་ས་ཆུ་སྲུང་འཛིན་བྱེད་ཐབས་དོན་འཁྱོལ་བྱས་ཏེ་རྩོལ་བྱུང་གི་ས་ཆུ་ཤོར་ཚད་སྤྱི་ལེ་ངོས་གྲུ་ཁྲི་14ཙམ་སྔོན་འགོག་བྱས་ཡོད།

ཆུ་བེད་པུས་སྐྱེ་ཁམས་མ་ལག་གི་སྤྱི་ཡོངས་རང་བཞིན་དང་ཆུ་བོ་རྒྱུག་ཁུལ་གྱི་མ་ལག་རང་བཞིན་ནས་འགོ་བཙུགས་ཏེ་རི་ཆུ་ནགས་ཞིང་མཚེའུ་རྩྭ་བྱེ་ཐང་བཅས་ཕྱོགས་བསྡུས་བཅོས་སྐྱོང་དང་། བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་། འབྱུང་རྩ་ནས་བཅོས་སྐྱོང་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་བས། ཉེ་བའི་ལོ་ལྔའི་རིང་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་11ཙམ་ཉུང་དུ་ཕྱིན་པ་དང་ལོ་8བསྟུད་མར་རྒྱལ་ཡོངས་ཀྱི་ས་ཆུ་ཤོར་ཚུལ་ལ་ལྟ་ཞིབ་ཚད་ལེན་བྱེད་ཚད་རྒྱལ་ཁབ་ཀྱི་ས་ཆ་ཁྱོན་ཡོངས་ལ་ཁྱབ་ཡོད་པ་རེད།

ལོ་15ཡི་རིང་། རྒྱལ་ཡོངས་ས་གནས་ཁག་གི་ས་ཆུ་སྲུང་འཛིན་བཅོས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ས་སེར་མཐོ་སྒང་གི་སྔོ་ཁེབས་34%ནས་63%བར་འཕར་ནས་སེར་པོ་ནས་སྔོ་ལྗང་དུ་གྱུར་ཡོད། རྨ་ཆུའི་བྱེ་འདམ་ཉུང་དུ་ཤུགས་ཆེན་ཕྱིན་ནས་ས་སེར་མཐོ་སྒང་གི་སྐྱེ་ཁམས་ཉམས་ཞན་དུ་འགྲོ་ཚུལ་བཀག་འགོག་ཐུབ་ཡོད། ཏན་ཅང་ཁོའུ་ཆུ་མཛོད་ཁུལ་གྱི་ཆུ་སྤུས་ལེགས་སུ་ཕྱིན་པ་དང་། ཏན་ཅང་ཁོའུ་གྲོང་ཁྱེར་གྱི་ས་ཆུ་ཤོར་ཁྱོན་སྤྱི་ལེ་ངོས་གྲུ་418ཉུང་དུ་ཕྱིན་པ། ནགས་ཚལ་ཁྱབ་ཚད་བརྒྱ་ཆའི་གྲངས་6མཐོ་རུ་ཕྱིན་པ། ཆུ་མཛོད་ཁུལ་གྱི་ཆུ་སྤུས་ཁག་109ཡི་ལྟ་ཞིབ་ཚད་ལེན་གྱི་སྟོན་རྟགས་ནང་ཁག་107རིགས་དང་པོའི་ཚད་གཞིར་སླེབས་ཡོད་པ་རེད།