ཀྲུང་གོ་ཐེན་དབྱིང་མ་རྐང་ཚད་ཡོད་ཀུང་སིས་མ་དངུལ་བཏང་ནས་བསྐྲུན་པའི་ཧ་ནོ་དབྱི་ཧྲོ་ཧྲན་གད་སྙིགས་མེར་སྲེག་གློག་ཁང་ནི་ཝེ་ཐེ་ནམ་དང་ཐ་ན་ཨེ་ཤེ་ཡ་ཤར་ལྷོའི་ས་ཁུལ་གྱི་རིགས་མཚུངས་རྣམ་གྲངས་ཆེ་ཤེས་ཡིན་ཞིང་། ཉིན་རེར་ས་གནས་དེ་གའི་འཚོ་བའི་གད་སྙིགས་ཏུན་5000ཙམ་མེར་བསྲེགས་ནས་ཕན་མེད་གད་སྙིགས་ལྗང་གློག་ཏུ་སྒྱུར་གྱི་ཡོད་པ་རེད།
ཀྲུང་གོ་ཕྱོགས་ཀྱི་རིགས་གཅིག་མཁས་ཅན་གྱི་མཛུབ་ཁྲིད་འོག ཝེ་ཐེ་ནམ་ཡུལ་དེ་གའི་ལག་རྩལ་པས་གད་སྙིགས་མེར་སྲེག་གློག་གཏོང་བྱ་ཐབས་སྦྱངས་ཏེ། ས་གནས་དེ་གའི་ཤེས་ལྡན་པ་ལས་ཀར་ཞུགས་ཐུབ་ཡོད། རྣམ་གྲངས་རྩིས་ལེན་འཁོར་སྐྱོད་བྱས་རྗེས། ཧ་ནོ་དབྱི་གྲོང་འདབས་ཀྱི་གད་སྙིགས་ཐོག་མེད་ས་སྦས་གཏོང་སྟངས་ལ་འགྱུར་ལྡོག་བྱུང་སྟེ། ཉེ་འཁོར་ཡུལ་མིའི་འཚོ་སྡོད་ཁོར་ཡུག་ལེགས་སུ་ཤུགས་ཆེན་ཕྱིན་པ་མ་ཟད། ལས་ཞུགས་ལས་གནས་ཀྱང་བརྟན་པོ་རག་ཡོད་པ་རེད།
མིག་སྔར། དུས་ཐེངས་དང་པོའི་རྣམ་གྲངས་ཀྱིས་ཉིན་རེར་ཧ་ནོ་དབྱི་ཡི་65%ཡི་གསར་ཐོན་འཚོ་བའི་གད་སྙིགས་ལྗང་གློག་ཏུ་བསྒྱུར་བ་དང་། དུས་ཐེངས་གཉིས་པའི་རྣམ་གྲངས་རྒྱས་སྐྲུན་བྱས་རྗེས་དེ་སྔོན་ཕུང་གསོག་ཐེབས་པའི་གད་སྙིགས་ལྗང་གློག་ཏུ་བསྒྱུར་རྒྱུ་རེད། ཀྲུང་གོའི་ཁེ་ལས་ཀྱིས་ལོ་མང་གི་ལག་ལེན་དང་གསར་གཏོད་བརྒྱུད། སྙིགས་རོ་ཐག་གཅོད་དང་ནུས་རྒྱུ་གསར་པའི་ལག་རྩལ་རྒྱུན་མཐུད་མཉམ་སྤྱོད་བྱས་ཏེ། ཀྲུང་གོ་དང་ཝེ་ཐེ་ནམ་རྒྱལ་ཁབ་གཉིས་པོའི་ལྗང་མདོག་དངོས་སྒྲུབ་མཉམ་ལས་ལ་རམ་འདེགས་བྱས་ནས། མི་སེར་གྱི་གད་སྙིགས་ཀྱི་དཀའ་གནད་བསལ་བ་རེད།