《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

“618”ཀྱི་ཉོ་སྒྲུབ་དུས་ཆེན་ལས་འཛད་སྤྱོད་གསར་པའི་གསོན་ཤུགས་ལ་ལྟ་བ།

“618”ཀྱི་ཉོ་སྒྲུབ་དུས་ཆེན་དང་ལྔ་པའི་ཚེས་ལྔའི་དུས་ཆེན་གྱི་གུང་གསེང་གཉིས་མཉམ་དུ་འཁེལ་བས། དེ་ནི་འཛད་སྤྱོད་ཀྱི་གཏིང་ཤུགས་གཅིག་སྡུད་ཐོག་མངོན་པའི་དུས་མཚམས་ཤིག་རེད། ཉེ་ཆར། གསར་འགོད་པས་ས་ཆ་མང་པོའི་དྲ་ཐོག་དང་དྲ་ཕྱིའི་འཛད་སྤྱོད་ཀྱི་རྣམ་པར་ས་ཡུལ་དངོས་སུ་འདྲི་རྟོག་དང་འཛད་སྤྱོད་གསར་པའི་གསོན་ཤུགས་ལ་ལྟ་ཞིབ་བྱས་པ་ཡིན།

ཞོགས་པར། ཤིན་ཅང་ཝུའུ་ལུའུ་མུའུ་ཆི་རྒྱལ་སྤྱིའི་ཚོང་འདུས་ཚོང་སྐོར་ཆེན་པོའི་ཤིན་ཅང་གི་དར་སོའི་རྩེད་ཆས་དང་རིག་གནས་བསམ་བཀོད་ཐོན་རྫས་ཚོང་ཁང་ད་དུང་སྒོ་ཕྱེ་མེད་ཀྱང་། ས་གནས་ཁག་གི་ཡུལ་སྐོར་བ་ཚོས་བང་རིང་པོ་བསྒྲིགས་ནས་ཡོད་ཅིང་། ཁོང་ཚོ་དེ་གར་ཡོང་དོན་ནི་ལུ་གུའི་གཟུགས་ཀྱི་ཨ་ལས་པད་གོག་སྙིང་རྗེ་པོ་ཞིག་ཉོ་ཆེད་རེད། ཡུལ་སྐོར་བ་ཚོས་ས་ཡུལ་དངོས་སུ་མངགས་བཟོ་བྱེད་ཆོག་པས། རང་ཉིད་སོ་སོས་རྒྱན་ཆ་བདམས་ཏེ་ཨ་ལས་པད་གོག་ལ་ཤིན་ཅང་གི་ཁྱད་ལྡན་རྒྱན་ཆ་འདོགས་བཞིན་ཡོད།

ལུ་གུའི་གཟུགས་ཀྱི་ཨ་ལས་པད་གོག་ཉོ་མཁན་ཇེ་མང་དུ་འགྲོ་བ་དང་། ཤིན་ཅང་གི་ཁྱད་ལྡན་ཞིམ་ཟས་བག་ལེབ་ནཱང་ཇུས་འགོད་དུ་བྱས་པའི“བག་ལེབ་ནཱང”ཞེས་པའི་མུ་འབྲེལ་རིག་གནས་བསམ་བཀོད་ཐོན་རྫས་ཕྱིར་འཚོང་བྱེད་ཚད་ཀྱང་རྒྱུན་མཐུད་མང་དུ་ཕྱིན་ཞིང་། “བག་ལེབ་ནཱང”ཞེས་པའི་མུ་འབྲེལ་རིག་གནས་བསམ་བཀོད་ཐོན་རྫས་ཇུས་འགོད་ཚོགས་པའི་འགན་འཁུར་བ་དབུན་ནཱ་ནཱ་ཡིས། ཟླ་6པ་ནས་བཟུང་། ཚོགས་པའི་རང་གཉེར་དྲ་ཐོག་ཚོང་ཁང་གཅིག་པུ་ནས་བཙོངས་པའི་འབྲེལ་ཡོད་ཐོན་རྫས་ཀྱི་ཕྱིར་ཚོང་དངུལ་འབོར་ཟླ་གོང་མ་ལས་70%ལྷག་ཙམ་འཕར་ཡོད་ཅེས་བརྗོད།

ས་སྲོད་མཚམས་སུ། ཀོང་ཏུང་ཧྲེན་ཀྲེན་ནན་ཧྲན་ཆུས་ཀྱི་ཧྲེན་ཀྲེན་མཚོ་ཁུག་ཝན་ཤང་གྲོང་ཁྱེར་དུ་རིག་ནུས་ཐོན་རྫས་ཚོང་ཁང་གི་ཚོང་པས་བྲེལ་བརྩོན་ཆེན་པོས་རིག་ནུས་ལག་ཐོགས་ཁ་པར་གསར་པ་དང་རིག་ནུས་རྒྱན་གོས་ཐོན་རྫས་ཉམས་ལེན་བྱེད་པར་ཡོང་བའི་འཛད་སྤྱོད་པར་ཐོན་རྫས་ཀྱི་བྱེད་ནུས་འགྲེལ་བཤད་རྒྱག་བཞིན་མཆིས།

“ཟླ་5པའི་ཟླ་དཀྱིལ་དང་ཟླ་སྨད་ནས་བཟུང་། ང་ཚོས‘618’ཀྱི་བྲིན་ཚོང་བྱེད་སྒོ་སྤེལ་འགོ་བཙུགས་ནས། དྲ་ཕྱིའི་ཚོང་སྒྱུར་བྱེད་སྒོ་དང་ཟུང་འབྲེལ་བྱས་པས། གཟའ་འཁོར་འདིར་ཚོང་ཁང་རྐྱང་པའི་ཕྱིར་ཚོང་དངུལ་འབོར་གཟའ་འཁོར་གོང་མ་ལས་18%འཕར་ཡོད”ཅེས་རོང་ཡའོ་ཐད་གཉེར་སིལ་ཚོང་པུའུ་ཀྲང་ཨོའུ་དབྱང་ཧོང་གིས་ངོ་སྤྲོད་བྱས།

གསར་འགོད་པས་སྤུས་རྟགས་ཚོང་ཁང་མང་པོར་བཅར་འདྲི་བྱས་པ་བརྒྱུད། ད་ལོའི“618”ཀྱི་ཉོ་སྒྲུབ་དུས་ཆེན་རིང་། རྒྱལ་ཁབ་ཀྱི་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་ཁ་གསབ་དང་ས་གནས་ཀྱི་འཛད་སྤྱོད་ཡར་སྐུལ་སྲིད་ཇུས་ལས་ཧྲེན་ཀྲེན་གྱི་རིག་ནུས་ཐོན་རྫས་ཀྱི་དངོས་གཞིའི་ཚོང་ཁང་ནང་ཡོང་མཁན་མང་དུ་ཕྱིན་པ་དང་། དྲ་ཐོག་ནས་ཚོང་ཟོག་མངགས་ཉོ་བྱེད་མཁན་རྒྱུན་མཐུད་མང་དུ་ཕྱིན་པ། རིག་ནུས་གྲངས་འཛིན་དང་ཁྱབ་ཁོངས་ཡོངས་ཀྱི་རིག་ནུས་ཁྱིམ་སྤྱོད་གློག་ཆས་དག་ནི་འཛད་སྤྱོད་བྱེད་མང་ཤོས་ཡིན་པ་ཤེས་རྟོགས་བྱུང་།

“ང་ཚོས་དྲ་ཐོག་ཚོང་དོན་ལས་སྟེགས་ལ་དུས་ཐོག་ཏུ་དོ་ཁུར་བྱས་ཏེ། དྲ་ཐོག་དང་དྲ་ཕྱིའི་རིན་གོང་གཅིག་གྱུར་རྒྱུན་འཁྱོངས་བྱེད་བཞིན་ཡོད། གཞན་ཡང་། དངོས་གཞིའི་ཚོང་ཁང་གིས་དབྱིངས་ཞུགས་རྣམ་པའི་ཉམས་ལེན་ཁུལ་གཏོད་པར་མཐོང་ཆེན་བྱས་ནས། འཛད་སྤྱོད་པར་སྣ་མང་ཉམས་ལེན་མཁོ་འདོན་བྱེད་བཞིན་ཡོད” ཨོའུ་དབྱང་ཧོང་གིས། ད་ཆ་དྲ་ཐོག་ནས་བཟོ་ལྟ་འདེམས་པ་དང་། དྲ་ཕྱིར་ཉམས་ལེན་བྱེད་པ། དྲ་ཐོག་ནས་མངགས་ཉོ་བྱེད་པ། ཚོང་ཁང་གིས་སྡེབ་སྐྱེལ་བྱེད་པ་བཅས་ནི་མི་རྣམས་ཀྱིས་དགའ་པོ་བྱེད་པའི་འཛད་སྤྱོད་བྱེད་སྟངས་སུ་གྱུར་ཡོད་ཅེས་བརྗོད།

མོས་འདེམས་གྲངས་གཞི་ལས་མངོན་པར། ད་ལོའི་ཟླ་6པ་ནས་བཟུང་། ལུས་གསོའི་བདེ་སྲུང་ཐོན་རྫས་རིགས་ནི་ཕྱིར་ཚོང་མང་ཤོས་དང་འཕར་ཚད་མགྱོགས་ཤོས་ཀྱི་སྨན་རྫས་མིན་པའི་རིགས་སུ་གྱུར་པ་དང་། “དཔུང་པ་དང་མཇིང་ཚིགས་འཕུར་མཉེད”ཀྱི་ཐོན་རྫས་འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་135%ལྷག་ཙམ་འཕར་བ། “དབྱར་དུས་ཀྱི་དངོས་ལུགས་གསོ་བཅོས”འཚོལ་བཤེར་བྱེད་ཚད་དུས་མཚུངས་ལས་65%ཙམ་འཕར་ཡོད། ཅིང་ཏུང་ལས་སྟེགས་ཀྱི་གྲངས་གཞི་ལས་ཀྱང་བདེ་ཐང་འཛད་སྤྱོད་ཀྱི་ཚ་རླབས་འཕྱུར་བ་ར་སྤྲོད་ཐུབ་ཅིང་། ཟླ་5ཚེས་30ཉིན་གྱི་དགོང་མོའི་ཆུ་ཚོད་8པར། “618”ཀྱི་དྲ་ཚོང་ཉོ་སྒྲུབ་དུས་ཆེན་གྱི་བྱེད་སྒོ་དངོས་སུ་སྤེལ་རྗེས། ཆུ་ཚོད་52ནང་བདེ་ཐང་རིགས་ཀྱི་ཐོན་རྫས་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་ལྡབ་10ལྷག་ཙམ་འཕར་ཡོད་པ་རེད།

(མཚམས་གཅོད་ཀྱིས་བསྒྱུར། མཚམས་གཅོད་དང་ཕུར་སྒྲོན་གྱིས་ཞུས)