《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月21日

“དབྱར་གསུམ”རིང་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་6ཚེས་18ཉིན་བར། རྒྱལ་ཡོངས་ཀྱི་དབྱར་གྲོ་བསྡུ་ཚད་96%ལས་བརྒལ་ཡོད། ཟླ་5ཚེས་28ཉིན། ད་ལོའི“དབྱར་གསུམ”རིང་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་སྤེལ་འགོ་ཚུགས་པ་དང་། ལྷོ་ནས་བྱང་བར་མགྱོགས་མྱུར་སྐུལ་འདེད་བཏང་བས། མིག་སྔར་ཤིན་ཅང་དང་ཀན་སུའུ་སོགས་ནུབ་བྱང་ས་ཁུལ་གྱི་གྲོ་བརྔ་བསྡུའི་ལས་དོན་ལ་ད་དུང་མུ་མཐུད་སྐུལ་འདེད་གཏོང་བཞིན་ཡོད་པ་ཕུད། ལྷོ་ནུབ་དང་རྨ་ཆུ་དང་ཧོའེ་ཧའེ་ས་ཁུལ་སོགས་གཙོ་གནད་གྲོ་འདེབས་ཁུལ་གྱི་གྲོ་བརྔ་བསྡུའི་ལས་དོན་ཚང་མ་མཇུག་འགྲིལ་ནས། ད་ལོའི“དབྱར་གསུམ”རིང་གཞི་ཁྱོན་ཆེ་བའི་གྲོ་འཕྲུལ་བསྡུའི་ལས་དོན་མཇུག་འགྲིལ་ཉེར་ཡོད་པ་རེད།

གྲོ་བརྔ་བསྡུ་བྱེད་རིང་། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་ནུས་ཤུགས་ཡོད་རྒུས་གཞི་ཁྱོན་ཆེ་བའི་དྲག་ཆར་འབབ་པའི་གནམ་གཤིས་དང་གཏད་རྒྱུག་གནམ་གཤིས་ཀྱི་ཤུགས་རྐྱེན་ལ་ཁ་གཏད་བཅག་ནས་ཞིང་འཕྲུལ་གྱི་གཙོ་ཤུགས་དམག་གི་ནུས་པ་གང་ལེགས་འདོན་པ་དང་། གྲོ་བརྔ་བསྡུའི་དུས་ཚོད་དམ་འཛིན་ནན་པོ་བྱས་ནས་གྲོ་མྱུར་བསྡུ་མྱུར་སྐམ་བྱས་ཏེ། དབྱར་འབྲུ་བསྡུ་བའི་ལས་དོན་ལ་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་ཡོད། ཞིང་ལས་དང་གྲོང་གསེབ་པུས་སྔོན་ཚུད་ནས་འགྲིམ་འགྲུལ་སྐྱེལ་འདྲེན་དང་། གནམ་གཤིས། རྡོ་སྣུམ་དང་རྡོ་སྣུམ་རྫས་འགྱུར་སོགས་སྡེ་ཚན་དང་ཚན་པ་དང་གྲོས་མོལ་བྱས་ནས་ས་ཁོངས་བརྒལ་ཏེ་ཤར་བགྲོད་དང་། གནམ་གཤིས་སྔོན་བརྡ་གཏོང་བ། སྤྱོད་སྣུམ་མཁོ་སྤྲོད་སོགས་ཀྱི་ཞབས་ཞུའི་འགན་ལེན་བྱ་ཐབས་ཞིབ་འཇུག་དང་དོན་འཁྱོལ་བྱས་ཤིང་། སྔོན་ཚུད་ནས་ས་གནས་ཁག་སྒྲིག་འཛུགས་ཀྱིས་ཞིང་འཕྲུལ་གྱི་ལས་སྒྲུབ་དགོས་མཁོ་དང་འབྲེལ་མཐུད་བྱས་ཏེ་གྲོ་བརྔ་བསྡུའི་གྲ་སྒྲིག་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

ད་ལོ་གྲོ་བརྔ་བསྡུ་ཁུལ་མང་ཆེ་བར་ཆར་ཞོད་རྒྱུན་གཏན་ལས་ཆེ་བ་ཡོད་པས། གྲོ་བསྡུ་བའི་དུས་ཚོད་མངོན་གསལ་དོད་པོས་ཐུང་དུ་ཕྱིན་ཡོད། ས་གནས་ཁག་གིས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གྲོ་བརྔ་བསྡུ་བྱེད་མགྱོགས་སུ་བཏང་བས། དུས་ཡུན་ཉིན་22རིང་གཞི་ཁྱོན་ཆེ་བའི་གྲོ་བརྔ་བསྡུའི་ལས་འགན་སྤྱིར་ན་ལེགས་གྲུབ་བྱུང་བ་དེ་ན་ནིང་ལས་ཉིན་2མགྱོགས་པ་དང་རྒྱུན་གཏན་ལས་ཉིན་4ནས་5ཡི་བར་མགྱོགས་པ་བྱུང་ཡོད། ཟླ་5ཚེས་31ཉིན་ནས་ཟླ་6ཚེས་13ཉིན་བར་གྲོ་བརྔ་བསྡུ་བྱེད་སྒང་ཡིན་པ་དང་། རྒྱལ་ཡོངས་སུ་ཉིན་རེར་ཆ་སྙོམས་གྲོ་བསྡུ་ཚད་མུའུ་ཁྲི་1600ལྷག་ཟིན་ཡོད། ཟླ་6ཚེས་1ཉིན་ཕྱོགས་ཡོངས་ནས་འབྲུབ་ཆུ་རྒྱས་པའི་དུས་ཡིན་པ་དང་། རྨ་ཆུ་དང་ཧོའེ་ཧའེ་ས་ཁུལ་དུ་ཐོལ་ཆར་འབབ་པ་དང་གཏད་རྒྱུག་གནམ་གཤིས་བསྟན་མང་བའི་དུས་ལ་དམིགས་ནས། དུས་ཐོག་ཏུ་སྔོན་བརྡ་བཏང་བ་དང་། ས་ཁོངས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ལྟེ་གནས་དང་ས་ཁོངས་ཞིང་ལས་འཕྲལ་སྡོམ་གེགས་སེལ་ལྟེ་གནས་དང་འཕྲལ་སྡོམ་ལས་སྒྲུབ་ཞབས་ཞུ་རུ་ཁག་སོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ནས་ནུས་ཤུགས་ཡོད་རྒུས་མྱུར་བསྡུ་བྱས་ཏེ། ཆར་ཞོད་ཆེ་བའི་དུས་སུ་གྲོ་བརྔ་བསྡུའི་ལས་དོན་ཡག་པོ་བསྒྲུབས་ཡོད་པ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བསོད་བདེ་གཞོན་པས་ཞུས)