འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཅང་སུའུ་དང་མཚོ་སྔོན་གྱིས་ལག་གདང་སྦྲེལ་ནས་མཚོ་སྔོན་གྱི་འཐེན་ཐུག“ཁྱབ་སྤེལ་བཞིའི”བྱ་སྤྱོད་སྤེལ་ནས“མཚོ་སྔོན་གྱི་འཐེན་ཐུག་མ་བྱན་ཆེ་མོ་བའི”སྤུས་རྟགས་བཏོད་ཡོད། ད་ལོའི་ཟླ་ལྔ་པའི་ཟླ་མཇུག་བར། མཚོ་སྔོན་བས་ཅང་སུའུ་རུ་འཐེན་ཐུག་ཟ་ཁང་2800ལྷག་ཙམ་བཙུགས་པར་ལས་ཞུགས་མི་སྣ་ཁྲི་1.5ཙམ་དང་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་17ཙམ་ཟིན་པ་དེས“མཚོ་སྔོན་གྱི་འཐེན་ཐུག་མ་བྱན་ཆེ་མོ་བའི”སྤུས་རྟགས་ཀྱི་ཤུགས་རྐྱེན་ཆེ་རུ་ནུས་ལྡན་ཕྱིན་པ་མ་ཟད། དེ་བས་ཅང་སུའུ་དང་མཚོ་སྔོན་གྱི་ངལ་ནུས་མཉམ་ལས་དང་ཁྱད་ལྡན་རྩལ་ནུས་ཤེས་ལྡན་པ་གསོ་སྐྱོང་བྱ་རྒྱུར་དཔེ་གཞི་དང་ཁྱབ་སྤེལ་གྱི་ཉམས་མྱོང་མཁོ་འདོན་བྱས་ཡོད།
“མཚོ་སྔོན་མིང་ཅན”གྱི་ལེགས་ཆའི་ཐོན་ལས་དང་ཁྱད་ལྡན་ངལ་ནུས་ཀྱི་སྤུས་རྟགས་ལ་བརྟེན་ནས་ཅང་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་པོས་མཚོ་སྔོན་གྱི་འཐེན་ཐུག་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རོགས་རམ་བྱ་རྒྱུ་དེ་ཤར་ནུབ་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་ཅང་སུའུ་ཞིང་ཆེན་གྱི་ཏང་སྲིད་ལས་ཁུངས་དང་། མཐོ་སློབ། ཁེ་ལས། མྱུར་བགྲོད་གཞུང་ལམ་གྱི་ཞབས་ཞུ་ཁུལ་བཅས་སུ་མཚོ་སྔོན་གྱི་འཐེན་ཐུག“ཁྱབ་སྤེལ་བཞིའི”བྱ་སྤྱོད་སྤེལ་བ་དང་། “མཚོ་སྔོན་གྱི་འཐེན་ཐུག་མ་བྱན་ཆེ་མོ་བའི”ཁྱད་ལྡན་སྤུས་རྟགས་སྐྱེད་སྲིང་ཧུར་ཐག་བྱས་པས། “འཐེན་ཐུག་མ་བྱན་ཆེ་མོ་བ་འཚར་ལོངས་ཡོང་བ་ནས། ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་འབབ་འཕར་ཡོང་བའི་བར”གྱི་གསོ་སྐྱོང་བྱེད་སྟངས་མངོན་འགྱུར་ཐུབ་ཡོད། 2025ལོར“ཅང་སུའུ་དང་མཚོ་སྔོན་ལག་གདང་སྦྲེལ་ནས‘མཚོ་སྔོན་གྱི་འཐེན་ཐུག་མ་བྱན་ཆེ་མོ་བའི’ལས་ཞུགས་འབབ་འཕར་གྱི་སྒུལ་ནུས་གསར་པ་བཏོད་པ”དེ་ཞིང་ལས་གྲོང་གསེབ་པུའི“རྒྱལ་ཡོངས་ཀྱི་ངལ་ནུས་སྤུས་རྟགས་ཀྱི་དཔེ་མཚོན་རྩེ་གྲ་ཆེ་གྲས་བཅུའི”ནང་བདམས་ཡོད།
ད་དུང་ཞིང་ཆེན་གཉིས་པོས་འཐེན་ཐུག་ཟ་ཁང(སྐར་ཁུང)50གཙོ་གནད་ཐོག་བཙུགས་ནས“མཚོ་སྔོན་གྱི་འཐེན་ཐུག”སྤུས་རྟགས་ཀྱི་མཚོན་རྟགས་དང་། མཛེས་བཟོའི་རྣམ་པ། ཞབས་ཞུའི་བརྒྱུད་རིམ་བཅས་གཅིག་གྱུར་ཇུས་འགོད་བྱས་པ་མ་ཟད། ནས་ཀྱི་འཐེན་ཐུག་དང་ཚགས་ཤའི་ཐུག་པ་སོགས་ཁྱད་ལྡན་ཐོན་རྫས་བཏོན་ནས་དཔེ་མཚོན་བཏོད་ཡོད། འཐེན་ཐུག་མ་བྱན་ཆེ་མོ་བའི་སེམས་ཁྲལ་སེལ་ཆེད། ཞིང་ཆེན་གཉིས་པོས་མཉམ་འབྲེལ་ཐོག་ལས་ཞུགས་སྦྲེལ་མཐུད་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཁྲང་ཀྲོའུ་གྲོང་ཁྱེར་དུ་ཅང་སུའུ་དང་མཚོ་སྔོན་གྱི་ངལ་ནུས་རོགས་ལས་ཞབས་ཞུའི་ས་ཚིགས་དང་། འཐེན་ཐུག་དོན་གཅོད་ཁྲུའུ་དང་ངལ་ནུས་ཞབས་ཞུའི་ས་ཚིགས་82བཙུགས་ཏེ་ལག་ཁྱེར་གཉེར་བ་དང་། བུ་ཕྲུག་སློབ་གྲྭར་གཏོང་བ། སྡོད་ཁང་བོགས་མར་གཏོང་བ། སྨན་བཅོས་འགན་ལེན་སོགས་ཀྱི“གཅིག་འཐུས་རྣམ་པའི”ཞབས་ཞུ་བསྒྲུབས་ཡོད།
(པ་སངས་ཚེ་རིང་གིས་བསྒྱུར། པ་སངས་ཚེ་རིང་དང་སྐལ་མཆོག་གིས་ཞུས)