ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་པུ་རུ་སེར་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཡོ་རོབ་རིག་མཛོད་པུ་རུ་སེར་ཞིབ་འཇུག་ཁང་གིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི་ཞིབ་འཇུག་སྙན་ཞུའི་ནང་། ཧོར་མུའུ་ཙེ་མཚོ་འགག་དུས་ཐུང་ནང་སླར་ཡང་སྒོ་ཕྱེ་ནའང་གོ་ལ་ཧྲིལ་པོའི་རྡོ་སྣུམ་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་མེད་པ་དེ་2027ལོའི་བར་དུ་མུ་མཐུད་གནས་རྒྱུ་རེད་ཅེས་འཁོད་ཡོད།
སྙན་ཞུའི་ནང་བསྟན་དོན། དབུས་ཤར་དམག་འཁྲུག་གི་རྐྱེན་གྱིས་ཧོར་མུའུ་ཙེ་མཚོ་འགག་དངོས་སུ་སྒོ་བརྒྱབ་ནས་ནུས་རྒྱུ་མཁོ་སྤྲོད་ལ་ལོ་རྒྱུས་ཐོག་གཞི་ཁྱོན་ཆེ་ཤོས་ཀྱི་རྡབ་རྡེག་ཕོག་ཡོད། 2025ལོར་ཉིན་ལྟར་མ་བཅོས་རྡོ་སྣུམ་ཟོམ་ཁྲི་1500དང་རྡོ་སྣུམ་ཐོན་རྫས་ཟོམ་ཁྲི་500ཧོར་མུའུ་ཙེ་མཚོ་འགག་བརྒྱུད་ནས་དབོར་བ་དེས་གོ་ལ་ཧྲིལ་པོའི་མཁོ་སྤྲོད་ཀྱི་20%ཙམ་བཟུང་ཡོད། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་ཚོད་དཔག་བྱས་པ་ལྟར་ན། མཚོ་འགག་གི་སྐྱེལ་འདྲེན་ལ་འགོག་རྐྱེན་ཕོག་པ་ནས་བཟུང་གོ་ལ་ཧྲིལ་པོའི་རྡོ་སྣུམ་མཁོ་སྤྲོད་ཐད་ཉིན་རེར་ཆ་སྙོམས་ཟོམ་ཁྲི་1280འདང་གི་མེད་པ་རེད། སྙན་ཞུའི་ནང་ངོས་འཛིན་བྱས་པ་ལྟར་ན། ཧོར་མུའུ་ཙེ་མཚོ་འགག་དུས་ཐུང་ནང་སླར་ཡང་སྒོ་ཕྱེ་ན་ཡང་། སྣུམ་ཞིང་བསྐྱར་འཛུགས་དང་སྣུམ་གྲུ་བཀོད་སྒྲིག་སོགས་བྱེད་པར་ཟླ་བ་ཁ་ཤས་འགོར་གྱི་ཡོད་པས། གོ་ལ་ཧྲིལ་པོའི་རྡོ་སྣུམ་ཁྲོམ་རའི་མཁོ་སྤྲོད་དོ་སྙོམས་མེད་པ་དེ་སྔོན་དཔག་བྱས་ན་2027ལོའི་བར་དུ་མུ་མཐུད་གནས་རྒྱུ་རེད།
(གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)