《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད།

འདི་ག་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།

རིགས་པའི་གཞུང་ལུགས་སྟོབས་དང་ལྡན་ན་གཞི་ནས་ཁ་ཕྱོགས་གསལ་བ་དང་། མི་སེམས་མཐུན་པ། གདེང་ཚོད་ཆེ་བ་བཅས་ཡོང་ཐུབ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དང་དུས་རབས་ཅན་གྱི་གྲུབ་འབྲས་གསར་ཤོས་ཀྱིས་ཏང་ཡོངས་ལ་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་བྱེད་པ་དེ་ནི་རང་རེའི་ཏང་གིས་ལོ་རྒྱུས་དང་འོད་སྟོང་འཕྲོ་བའི་གྲུབ་འབྲས་བཏོད་པའི་ཉམས་མྱོང་གལ་ཆེན་ཞིག་རེད།

ཟླ་6ཚེས་15ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་ལས་དོན་བཀོད་སྒྲིག་བྱས་པ་དང་། དགོངས་པ་གལ་ཆེན་དེར“ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བར་དངོས་ཡོད་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ནན་བཤད་བྱས་པ་རེད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་ནི་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་གྲུབ་པའི་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཤིག་ཡིན་པ་དང་། དེའི་བདེན་དོན་གྱི་སྟོབས་ཤུགས་དང་ལག་ལེན་གྱི་སྟོབས་ཤུགས་ཆེན་པོར་ཞིབ་དཔྱད་གང་ལེགས་ཐུབ་ནས་རྒྱང་ལམ་གསར་པར་ལོ་བརྒྱའི་ཏང་ཆེན་པོས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བའི་བསམ་བློའི་གནས་ཚད་གསར་པ་རྒྱུན་མཐུད་གཏོད་པར་རྩ་བའི་གཞི་འཛིན་ས་དང་བྱ་སྤྱོད་ཀྱི་ཕྱོགས་སྟོན་མཁོ་འདོན་བྱས་ཡོད།

ཀྲུང་གོའི་བྱ་བ་ཡག་པོ་སྒྲུབ་ཐུབ་མིན་གྱི་འགག་རྩ་ཏང་ལ་ཐུག་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཏང་ནང་ཁུལ་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་དང་མངོན་མེད་རྐྱེན་ངན་ཚབས་ཆེན་ལ་ཐད་ཀར་ཕྱོགས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པ་དང་། གྲི་དངོ་རང་གཏད་དང་ཁྲིམས་བཙན་ཟིང་བཅོས་ཀྱིས་ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་བསམ་བློའི་གནས་ཚད་གསར་པ་བཏོད་པ། རང་རེའི་ཏང་གསར་བརྗེའི་རང་བཞིན་གྱི་ཞུན་བརྡར་ཁྲོད་དེ་བས་ཞུམ་མེད་སྟོབས་དང་ལྡན་པར་གྱུར་བ་བཅས་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་རྩ་བའི་འགན་ལེན་མཁོ་འདོན་བྱས་ཡོད།(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

དུས་རབས་གསར་པར་ཀྲུང་གོ་གུང་ཁྲན་ཏང་སྐྱོང་བ་དང་ཀྲུང་གོ་སྐྱོང་བར་རྣམ་པ་གསར་པ་ཐོན་དོན་དང་། རང་རེའི་ཏང་གི་རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་ཚོད་བགམ་སྣ་ཚོགས་ལ་ཁ་གཏད་གཅོག་པའི་ལོ་རྒྱུས་ཀྱི་འཕེལ་རིམ་ཁྲོད་ཐོག་མཐའ་བར་གསུམ་དུ་རྒྱལ་ཡོངས་མི་དམངས་ཀྱི་སྲོག་ཤིང་དུ་འགྱུར་དོན། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་དོན་བཅས་ཀྱི་ཆེས་རྩ་བ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁ་སྒྱུར་ཕྱོགས་སྟོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་ཚན་རིག་དང་མཐུན་པའི་མཛུབ་ཁྲིད་ཡོད་པར་ཐུག་ཡོད།

ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས“མཐའ་འཁྱོངས་བཅུ་བཞི”ལ་བརྟེན་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པ་དང་། ཏང་དར་རྒྱས་དང་ཏང་སྟོབས་ཆེར་གཏོང་བ། རྒྱལ་ཁབ་སྟོབས་ཆེར་དང་བསྐྱར་དར་ཡོང་བ་བཅས་ཀྱི་ནང་གནས་འབྲེལ་བ་ཁོང་དུ་གཏིང་ཟབ་ཆུད་པར་བྱ་རྒྱུ་དེ་རྒྱུན་སྲིང་ལྷོད་མེད་ངང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་བ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་བྱེད་པ། ཏང་གི་ཡུན་རིང་སྲིད་སྐྱོང་གནས་བབ་བརྟན་དུ་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་དེ་བས་རྒྱ་ཁྱབ་ངང་གཅིག་སྡུད་བྱེད་པ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་དང་གཏིང་ཟབ་ལྡན་ཡོད།

འདིར“ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས”དང“གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་མཐའ་འཁྱོངས་བྱེད་པའི་རྩ་འཛུགས་ཀྱི་མ་ལག”དཔེ་མཚོན་དུ་བྱས་ནས། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པས་ཏང་དང་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་དང་ཕུགས་ཀྱི་མཛུབ་ཁྲིད་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པར་གསལ་འགྲེལ་གཏིང་ཟབ་བྱ་རྒྱུ་ཡིན་ཏེ།

“ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ”ནི་ཏང་གི་འགོ་ཁྲིད་ཀྱི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“རང་རེའི་ཏང་དང་རྒྱལ་ཁབ་ཆེན་པོ་འདི་འདྲ་ཞིག་ལ་ཆ་མཚོན་ན། གལ་ཏེ་ཏང་ཀྲུང་དབྱང་གིས་འགྱུར་མེད་སྟོབས་ལྡན་གྱི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལག་ལེན་མ་བསྟར་ན། རང་ཐག་རང་གཅོད་དང་རང་སྣང་གང་ཤར་གྱི་རྣམ་པ་ཐོན་སྲིད་པས། བྱ་བ་གང་ཡང་སྒྲུབ་མི་ཐུབ”ཅེས་གསུངས་ཡོད།

རང་རེའི་ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་གཏན་འཁེལ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་གནས་བབ་གཏན་འཁེལ། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་རྒྱལ་ཁབ་བཅོས་སྐྱོང་གི་ཁྱབ་ཁོངས་ཁག་དང་། ཕྱོགས་ཁག ལྷུ་ཚིགས་ཁག་བཅས་སུ་དོན་འཁྱོལ་བྱས་པས། དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེའི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལྡན་ཡོད།

ལོ་ལྔའི་འཆར་འགོད་ནི་ལྟ་ཞིབ་ཀྱི་མཐོང་ཟུར་གལ་ཆེན་ཞིག་ཡིན། དུས་རབས་གསར་པ་ཤར་ཚུན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་འཆར་འགོད་གྲོས་འགོའི་ཡིག་ཆའི་འཆར་ཟིན་ཚོགས་ཆུང་གི་ཙུའུ་ཀྲང་གི་འགན་བཞེས་ནས། རྒྱལ་ཁབ་ཀྱི་འཕེལ་རྒྱས་འཆར་འགོད་ལས་དོན་ལ་སྐུ་ངོ་མས་ཇུས་འགོད་དང་། བཀོད་སྒྲིག སྐུལ་འདེད་བཅས་གནང་སྟེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་སྐྲུན་པར་འཐབ་ཇུས་བཀོད་སྒྲིག་གནང་ཡོད། ཏང་ཀྲུང་དབྱང་གིས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་ཇུས་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་ལ་སྐུལ་འདེད་བཅས་བཏང་ཐོག་ལོ་ལྔའི་འཆར་འགོད་དེ་བྱ་གཞག་གི་སྐས་རིམ་བཞིན“དུས་མཚམས་རེ་རེ་བཞིན་མདུན་ཕྱོགས་སུ་སྐུལ་འདེད”བཏང་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱེད་ཀྱི་ཡོད།

ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པ་ནི་ང་ཚོར་རྒྱལ་ཁ་རྒྱུན་ཆད་མེད་པར་ཐོབ་པའི་རྩ་བ་ཡིན། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་རང་རྟོགས་ངང་སྲུང་སྐྱོང་བྱས་ནས། ཆབ་སྲིད་ཀྱི་ལངས་ཕྱོགས་དང་། ཆབ་སྲིད་ཀྱི་ཁ་ཕྱོགས། ཆབ་སྲིད་ཀྱི་རྩ་དོན། ཆབ་སྲིད་ཀྱི་འགྲོ་ལམ་བཅས་ཏང་ཡོངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་འགན་ལེན་བྱས་པས། ང་ཚོས་དཀའ་ངལ་དང་འགྲན་སློང་མཐའ་དག་ལ་ཁ་གཏད་གཅོག་པ་དང་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་བརྟེན་ས་དང་ཚད་འཛིན་ས་བྱུང་ཡོད།

“གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ”ནི་ཏང་གི་ལེགས་ཆ་དང་སྟོབས་ཤུགས་གནས་ས་ཡིན།

རིམ་ཁག་ཏང་རྩ་འཛུགས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་བྱེད་པའི་རྩ་འཛུགས་ཀྱི་མ་ལག་ཆགས་པས། རང་རེའི་ཏང་ལ་སྟོབས་དང་ལྡན་པའི་འགོ་ཁྲིད་ཀྱི་ནུས་པ་དང་། རྩ་འཛུགས་ཀྱི་ནུས་པ། ལག་བསྟར་གྱི་ནུས་པ་བཅས་ལྡན་ནས། མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འགག་སྒྲོལ་དཀའ་སེལ་དང་གསར་འབྱེད་མདུན་སྐྱོད་བྱེད་པའི་ཆེས་བློས་འཁེལ་བའི་འགོ་ཁྲིད་ཀྱི་སྟོབས་ཤུགས་སུ་གྱུར་ཡོད།

ཏང་གི་སྟོབས་ཤུགས་ནི་རྩ་འཛུགས་ལས་བྱུང་བ་ཞིག་ཡིན། ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་དང་ཏང་གི་ལས་དོན་ཚང་མ་ཏང་གི་འགྱུར་མེད་སྟོབས་ལྡན་གྱི་རྩ་འཛུགས་མ་ལག་ལ་བརྟེན་ནས་མངོན་འགྱུར་བྱེད་པ་ཞིག་ཡིན། དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ལག་བསྟར་དོན་འཁྱོལ་བྱས་ཏེ་རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ཀྱི་ནུས་པ་དང་རྩ་འཛུགས་ཀྱི་ནུས་པ་ཆེ་རུ་གཏོང་བ། གཞི་རིམ་ཏང་རྩ་འཛུགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཕྱོགས་ཡོངས་ནས་ཉམས་སད་ཐེག་པར་སྐུལ་འདེད་གཏོང་བ་བཅས་བྱས་ཚེ། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་སྐུལ་འདེད་གཏོང་བར་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱེད་ཐུབ།

ཕུགས་ཀྱི་དམིགས་ཡུལ་ཆེན་པོ་བློ་ལ་འཆང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐལ་བརྒྱའི་བྱ་གཞག་རླབས་པོ་ཆེ་ཕུགས་འདུན་དུ་འཆང་ནས། རང་རེའི་ཏང་གིས་མི་དམངས་དུང་ཕྱུར་མང་པོར་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱང་ལམ་གསར་པར་བློ་སྟོབས་ཆེར་སྐྱེད་ཀྱིས་མདུན་སྐྱོད་བྱེད་བཞིན་ཡོད། རྒྱང་ལམ་གསར་པ་ནི་རྒྱང་སྐྱོད་གསར་པ་ཞིག་རེད། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་། ལྷག་པར་དུ། ཞི་ཅིན་ཕིང་གི་ཏང་འཛུགས་སྐྱོང་གི་དགོངས་པ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ། ངར་སེམས་ཆེར་སྐྱེད་དང་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པའི་བསམ་པའི་སྒུལ་ཤུགས་བསྡུ་ལེན་བཅས་བྱས་ནས་རང་རེའི་ཏང་འཛུགས་སྐྱོང་ཡག་པོ་དང་དེ་བས་སྟོབས་ཆེར་གཏོང་བ་དང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་མདུན་ཕྱོགས་སུ་སྐུལ་འདེད་རྒྱུན་ཆད་མེད་པར་གཏོང་དགོས།

(བསྟན་བཟང་དང་པད་ཆོས་ཀྱིས་བསྒྱུར། ཉི་དོན་དང་ལྷག་ཚེས་ཞུས)