《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

ཟླ་དང་པོ་ནས་ལྔ་པའི་བར།

རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་འཕར་ཚད་མགྱོགས་པོ་བྱུང་བ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་6ཚེས་17ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱི་བཙོངས་འཛིན་གྲངས་གཞི་ལས་མངོན་པར། ཟླ་དང་པོ་ནས་ལྔ་པའི་བར་རྒྱལ་ཡོངས་ཀྱི་བཟོ་ལས་ཁེ་ལས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་6.8%འཕར་ནས་འཕར་ཚད་མགྱོགས་པོ་བྱུང་ཡོད།

སྒྲིག་བཀོད་བཟོ་སྐྲུན་གྱིས“གྲུ་རྡོའི”ནུས་པ་མུ་མཐུད་བཏོན་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། སྒྲིག་བཀོད་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་8%འཕར་ནས་བཟོ་སྐྲུན་ལས་རིགས་བསྡུར་ཚད་ཀྱི་46.8%བཟུང་ཡོད་ཅིང་། དེའི་ནང་རྩིས་འཁོར་གྱི་འཕྲིན་གཏོང་སྒྲིག་ཆས་བཟོ་སྐྲུན་དང་། དཔྱད་ཆས་བཟོ་སྐྲུན། ཆེད་སྤྱོད་སྒྲིག་ཆས་བཟོ་སྐྲུན་བཅས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས15.6%དང་། 10.5% 8.8%བཅས་སོ་སོར་འཕར་ཡོད།

མི་ཐབས་རིག་ནུས་ཀྱིས་བཟོ་ལས་རིག་ནུས་ཅན་གྱི་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། འཕྲུལ་མི་དང་རིག་ནུས་འཁོར་ཐོག་སྒྲིག་ཆས་བཟོ་སྐྲུན་གྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས27.7%དང46.3%སོ་སོར་འཕར་ནས་མི་ཐབས་རིག་ནུས་ཀྱིས་བཟོ་ལས་རིག་ནུས་ཅན་གྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་འགྲོ་བར་མཐུན་རྐྱེན་སྦྱར་བ་དང་། དུས་མཚུངས་རྩེར་སོན་གློག་རྡུལ་བཟོ་སྐྲུན་ཡང་འཕེལ་རྒྱས་མགྱོགས་པོ་བྱུང་ཡོད། ཟླ་དང་པོ་ནས་ལྔ་པའི་བར། འདུས་གྲུབ་གློག་ལམ་དང་། འོད་ཤུགས་གློག་རྡུལ་ལྷུ་ལག གློག་འདྲེན་ཕྱེད་རྫས་ལྷུ་ལག་བཅས་ཀྱི་བཟོ་སྐྲུན་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་57.7%དང་། 32.6% 24.4%བཅས་སོ་སོར་འཕར་ཡོད།

ལྗང་མདོག་ནུས་རྒྱུའི་ཕྱོགས་སྒྱུར་གོམ་སྟབས་མགྱོགས་སུ་སོང་ཞིང་། ཟླ་དང་པོ་ནས་ལྔ་པའི་བར། གློག་ཤུགས་ཚ་ཤུགས་འབར་རླངས་དང་དེ་བཞིན་ཆུ་ཐོན་སྐྱེད་དང་མཁོ་སྤྲོད་ལས་རིགས་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་4.2%འཕར་ཞིང་། དེའི་ནང་གློག་ཤུགས་ཐོན་སྐྱེད་ཀྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་5.7%འཕར་བ་དང་། རླུང་འོད་ཆུ་ཉིང་སོགས་ཀྱིས་མཚོན་པའི་ནུས་རྒྱུ་གཙང་མའི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་18.9%འཕར་བ་དེས་གློག་ཤུགས་ཐོན་སྐྱེད་དང་ཕྱིར་འཚོང་ཡོང་འབབ་ནང་བཟུང་བའི་བསྡུར་ཚད་38.1%ཡིན་པ་དང་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་4.2མཐོ་རུ་ཕྱིན་ཡོད། ལྷག་པར་དུ། ཉི་ནུས་གློག་འདོན་དང་རླུང་ཤུགས་གློག་འདོན་གྱི་ཕྱིར་འཚོང་ཡོང་འབབ་དུས་མཚུངས་ལས་17.2%དང22.2%སོ་སོར་འཕར་ཡོད།

(གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)