《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月20日

བོད་ལྗོངས་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་པ།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། གསར་འགོད་པར་བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་11ཉིན་བར་བོད་ལྗོངས་ཡོངས་སུ་དཔྱིད་འདེབས་རྒྱ་ཁྱོན་མུའུ་ཁྲི་354.42ཟིན་པ་དེས་དཔྱིད་འདེབས་འཆར་གཞིའི་རྒྱ་ཁྱོན་གྱི་97.77%བཟུང་བ་དང་། དེའི་ནང་འབྲུ་རིགས་ལོ་ཏོག་མུའུ་ཁྲི་259.95(དཔྱིད་ནས་མུའུ་ཁྲི་229.53ཚུད་པ)དང་། སྔོ་ཚལ་མུའུ་ཁྲི་38.31 པད་ཁ་མུའུ་ཁྲི་29.06 གཟན་རྩྭ་མུའུ་ཁྲི་27.1བཅས་བཏབ་པས་བོད་ཀྱི་དཔྱིད་རྨོད་དཔྱིད་འདེབས་ལས་དོན་སྤྱིར་ན་ལེགས་གྲུབ་ཟིན་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་དཔྱིད་འདེབས་ཀྱི་མྱུར་ཚད་ས་མཐོའི་ཞིང་ལས་ཐོན་སྐྱེད་ཀྱི་ཆོས་ཉིད་དང་མཐུན་པ་དང་། ས་བོན་འདེབས་རིང་ཉི་འོད་དང་། ཆར་ཆུ། དྲོད་ཚད་སོགས་གནམ་གཤིས་ཀྱི་ཆ་རྐྱེན་འཚམ་པོ་ཡོད་པ། མྱུ་གུ་སྐྱེ་འཚར་བཟང་བས་ལོ་ཧྲིལ་པོར་ལོ་ལེགས་ཡོང་བར་རྨང་གཞི་བརྟན་པོ་བཏིང་ཡོད། དཔྱིད་རྨོད་ཀྱི་ལས་ཕྱོད་ཆེ་རུ་གཏོང་ཆེད། ས་གནས་ཁག་གིས་འཕྲུལ་ཆས་ཅན་གྱི་འདེབས་འཛུགས་བྱེད་སྟངས་ཁྱབ་གདལ་ཤུགས་ཆེན་བཏང་བས་དཔྱིད་རྨོད་རིང་ལྗོངས་ཡོངས་ཀྱིས་རིམ་རྩིས་བརྒྱབ་ན་ཞིང་འཕྲུལ་ཡོ་བྱད་སྣ་ཚོགས་ཁྲི་41ལྷག་ཙམ་སྤྱད་དེ་གཞི་ཁྱོན་ཅན་གྱི་འདེབས་འཛུགས་ཆུ་ཚད་མཐོ་རུ་ནུས་ལྡན་བཏང་ཡོད།

ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མཐུན་རྐྱེན་སྐྲུན་ཆེད། བོད་རང་སྐྱོང་ལྗོངས་ཞིང་ལས་གྲོང་གསེབ་ཐིང་གིས《བོད་རང་སྐྱོང་ལྗོངས་ཀྱི་2026ལོའི་འབྲུ་རིགས་དང་པད་ཁའི་རྒྱ་ཁྱོན་ཆེ་བའི་མུའུ་རེའི་ཐོན་འབབ་མང་དུ་གཏོང་བའི་བྱ་སྤྱོད་ཀྱི་ལག་བསྟར་ཇུས་གཞི》བཀྲམ་ནས་ལག་བསྟར་བྱས་ཏེ་ས་ཞིང་གཤིན་པོ་དང་། སོན་བཟང་། འཕྲུལ་ཆས་རྩེ་གྲས། ཐབས་བཟང་བཅས་མཉམ་འདྲེས་གཏིང་ཟབ་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ནས་ཞིང་སོན་བཟང་གི་རིན་ཁྱད་ཁ་གསབ་ལམ་སྲོལ་རྒྱུན་མཐུད་ལེགས་སུ་བཏང་ནས་རིམ་རྩིས་བརྒྱབ་ན་ཆེད་དོན་ཁ་གསབ་མ་དངུལ་སྒོར་ཁྲི་5081དོན་འཁྱོལ་བྱས་ཏེ་ཞིང་དུད་ཀྱི་སོན་བཟང་ཉོ་བའི་མ་གནས་དམའ་རུ་ཏན་ཏིག་བཏང་བ་དང་སྤུས་ལེགས་སོན་བཟང་ཁྱབ་གདལ་དང་གསར་བརྗེས་མགྱོགས་སུ་བཏང་བས་མིག་སྔར་བོད་ལྗོངས་ཡོངས་སུ་ནས་ཀྱི་སོན་བཟང་ཁྱབ་ཚད་95%ཡན་ཟིན་ཡོད།