འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་བ་གཞིར་བཟུང་། གསར་འགོད་པར་ཟླ་6ཚེས་10ཉིན་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་ཁང་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱི་ཚན་ཞིབ་པས་དུག་སྦྲང་གི་རིགས་གསར་པ་ཞིག་རྙེད་པ་དང་། དེར་མེ་ཏོག་གི་གདུབ་རྐང་དུག་སྦྲང་ཞེས་དངོས་སུ་མིང་བཏགས་ཤིང་། ཞིབ་འཇུག་གི་གྲུབ་འབྲས་ཚེས་10ཉིན་རྒྱལ་སྤྱིའི་སྲོག་ཆགས་རིགས་དབྱེ་རིག་པའི་དུས་དེབ《སྲོག་ཆགས་རིགས་དབྱེའི་དུས་དེབ》ཐོག་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད།
གྲུབ་འབྲས་དེ་ནི་བོད་རང་སྐྱོང་ལྗོངས་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི“ཟླ་བའི་གསར་གཏོད་ལས་དོན་ཁང”དང་ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་ཚན་ཞིབ་པས་མཉམ་དུ་ལེགས་སྒྲུབ་བྱས་པ་ཞིག་རེད། ཧྲང་ཧའེ་རྒྱ་མཚོ་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་གཞོན་པ་ལིན་ཞའོ་ལུང་གིས་ངོ་སྤྲོད་བྱས་པར་གཞིགས་ན། མེ་ཏོག་གི་གདུབ་རྐང་དུག་སྦྲང་ནི་གདུབ་རྐང་དུག་སྦྲང་ཁོངས་གཏོགས་ཀྱི་རྩ་ཆེའི་ཕལ་ཁོངས་ཤིག་རེད། ཕལ་ཁོངས་དེ་རིགས་གོ་ལ་ཧྲིལ་པོར་དེ་གོང་ཟིན་ཐོར་ཁག་7ཁོ་ན་ལས་འཁོད་མེད།
དེ་གོང་ཞིབ་འཇུག་ཚོགས་པས་མེ་ཏོག་ནས་དུག་སྦྲང་གི་རིགས་གསར་པ་གཞན་ཞིག་རྙེད་པ་དང་། ཟླ་4ཚེས་2ཉིན《སྲོག་ཆགས་རིགས་དབྱེའི་དུས་དེབ》ཐོག་འབྲེལ་ཡོད་ཞིབ་འཇུག་གི་གྲུབ་འབྲས་སྤེལ་ནས་ཀྲུང་ཧྭའི་རྐང་བོལ་རིང་བའི་དུག་སྦྲང་ཞེས་མིང་བཏཌ་པ་རེད།
ཚན་ཞིབ་ཚོགས་པས། སྐྱེ་དངོས་གསར་པ་དེ་གཉིས་ཤེས་རྟོགས་བྱུང་བ་དེས་རང་རྒྱལ་དང་ལྷག་པར་དུ་བོད་ལྗོངས་མེ་ཏོག་ས་ཁུལ་གྱི་ཆུ་སྐྱེས་འབུ་སྲིན་གྱི་སྣ་མང་རང་བཞིན་གྱི་ཟིན་ཐོ་སྔར་བས་ཕུན་སུམ་ཚོགས་སུ་ཕྱིན་ནས། དུག་སྦྲང་གི་མ་ལག་འཚར་སྐྱེ་དང་། སྐྱེ་དངོས་ས་ཁམས་ཁྱབ་ཚུལ། ཆུའི་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་བཅས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་གསར་པ་མཁོ་འདོན་བྱས་ཡོད་ལ། མེ་ཏོག་དང་དེ་བཞིན་ཡར་ཀླུང་གཙང་པོའི་རོང་ཆེན་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དེ་གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་མང་བའི་ས་ཁོངས་ཤིག་ཡིན་པའི་ངོས་ནས་དམིགས་བསལ་གྱི་རིན་ཐང་ཡང་མངོན་ཡོད་ཅེས་བརྗོད་པ་རེད།