ཀྲང་ཁྲི། ཀྲང་ཧྲི་ནཱ།
པར་འདི་གཉིས་ནི《དབུ་རྩེའི་དཔའ་རྟུལ》ཞེས་པ་སླར་གསོ་བྱས་པ་དང་མ་བྱས་གོང་གི་ཁྱད་པར་ཡིན་པ། (ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་གིས་མཁོ་འདོན་བྱས)
བོད་ལྗོངས་ལྷ་སའི་མཛོད་ཁང་ཞིག་གི་སྦུག་ཏུ་དུས་རབས་ཕྱེད་ཀ་ལྷག་ཙམ་ཕྱིན་པའི་སྤྱིན་ཤོག་རྙིང་པ་ཁག་གཅིག་ཡོད་ཅིང་། དེ་དག་འབྱར་བ་དང་། རལ་བ། རུལ་བ་སོགས་མི་རབས་རྗེས་མར་འཇོག་དཀའ་བའི་གནད་དོན་འཕྲད་བཞིན་ཡོད་ཅིང་། སྤྱིན་ཤོག་དཀར་ནག་དང་ཚོན་ཁྲ་ཅན་འདི་དག་ཏུ་བོད་ཞི་བས་བཅིངས་འགྲོལ་བཏང་བ་དང་། དུས་རབས་ཀྱི་འཕོ་འགྱུར། དམངས་འཚོ་ལེགས་སུ་ཕྱིན་པ། རིག་གནས་རྒྱུན་འཛིན་སོགས་ལོ་རྒྱུས་ཀྱི་རྣམ་པ་གལ་ཆེན་ཇི་མ་ཇི་བཞིན་བཀོད་ཡོད་པ་དང་། བོད་འཕེལ་རྒྱས་ཀྱི་དུས་རབས་ཀྱི་རྗེས་ཤུལ་ཉར་ཚགས་ཆ་ཚང་པོ་བྱས་ཡོད་པས། ལོ་རྒྱུས་ཀྱི་དཔྱད་གཞི་དང་། རིག་གནས། ཉར་ཚགས་བཅས་ཀྱི་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད། འོན་ཀྱང་སྤྱིན་ཤོག་འདི་དག་པར་དུ་བླངས་ནས་ལོ་བཅུ་ཕྲག་ཁ་ཤས་སོང་བའི་ཁར་སྔོན་མ་ཉར་ཚགས་ཀྱི་ཆ་རྐྱེན་ལེགས་པོ་མེད་པའི་དབང་གིས་སྤྱིན་ཤོག་དེ་དག་གི་དངོས་ཁམས་དང་རྫས་འགྱུར་གྱི་གཤིས་ནུས་ཁྱོན་ཡོངས་ནས་ཉམས་ཡོད། གལ་སྲིད་དུས་ཐོག་ཏུ་མྱུར་སྐྱོབ་ཉམས་གསོ་མ་བྱས་ཚེ་ཐུན་མོང་མ་ཡིན་པའི་གངས་ལྗོངས་ཀྱི་དྲན་ཤེས་འདི་དག་ནམ་ཡང་མི་རབས་རྗེས་མར་འཇོག་ཐབས་བྲལ།
ཉམས་གསོའི་དུས་ཚོད་དམ་འཛིན་བྱ་ཆེད། 2024ལོར་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་དང་མཉམ་དུ“བོད་ཀྱི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་འདུ་འགོད”དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་དང་། ལོ་དེའི་ཟླ་9པར་ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་གིས་ཉམས་གསོའི་རྐང་འཛིན་པ་བོད་དུ་མངགས་ཡོད།
དུས་ཚོད་ཛ་དྲག་པ་དང་ལས་འགན་དཀའ་ཚེགས་ཆེ་བས། ཉམས་གསོ་ཚོགས་པ་དང་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཀྱིས་མགྱོགས་མྱུར་གྲོས་བསྡུར་བྱས་ཏེ། ཉར་ཚགས་ཀྱི་ལོ་རབས་དང་། གནོད་སྐྱོན་ཕོག་ཚད། གློག་བརྙན་གྱི་རིན་ཐང་བཅས་ལ་གཞིགས་ནས། སྤྱིན་ཤོག་རྙིང་པ་མང་པོའི་ཁྲོད་ནས་གློག་བརྙན་33གྱི་སྤྱིན་ཤོག་158བདམས་ཏེ། དུས་ཐེངས་དང་པོའི་གཙོ་གནད་མྱུར་སྐྱོབ་དང་ཉམས་གསོ་བྱ་ཡུལ་དུ་བརྩིས་ཐོག་པེ་ཅིང་དུ་མགྱོགས་མྱུར་དབོར་ནས་གྲངས་འཛིན་དུ་སྒྱུར་བའི་མྱུར་སྐྱོབ་ལས་དོན་ཕྱོགས་ཡོངས་ནས་སྤེལ་བ་རེད།
ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་གི་གྲངས་འཛིན་ཞིབ་བཟོ་ཚོད་ལྟ་ཁང་དུ་སྤྱིན་ཤོག་རེ་རེའི་གནོད་སྐྱོན་ཕོག་ཚད་དང་གནོད་སྐྱོན་གྱི་རིགས་ལ་གཞིགས་ནས། ཉམས་གསོ་ཚོགས་པས་དང་ཐོག་ཆེད་ལས་ཀྱི་ཞིབ་འཇུག་བརྡར་གཅོད་བྱས་ཏེ་གོ་རིམ་ལྡན་ལ་གཟབ་ཅིང་ནན་པའི་ཆེད་དོན་ཉམས་གསོའི་ལས་རིམ་བཟོས་པ་རེད།
སྤྱིན་ཤོག་ལ་4Kགྲངས་འཛིན་ཅན་གྱི་བཤེར་འབེབས་བྱེད་པ་ནི་གོམ་སྟབས་དང་པོ་ཡིན་ལ། བརྙན་པར་ཉམས་གསོ་བྱེད་པའི་རྨང་གཞི་ཡང་ཡིན་པས། རྗེས་མཐུད་བརྙན་པར་ཞིབ་བཟོ་དང་སླར་གསོའི་སྤུས་ཚད་ཡག་པོ་ཡོང་མེད་ལ་ཐུག་ཡོད། ཡིན་ན་ཡང་། སྤྱིན་ཤོག་འདི་དག་གི་ཟད་གྲོན་འགོག་ནུས་སྔ་ས་ནས་ཉམས་ཡོད་པ་རེད། གནོད་སྐྱོན་ཐེངས་གཉིས་པ་མི་ཕོག་པར་བྱ་ཆེད། ལས་དོན་པས་སྤྱིན་ཤོག་ཉམས་གསོའི་འཕྲུལ་ཆས་ཐོག་མ་བཞག་གོང་གནོད་སྐྱོན་ཡོད་མེད་ཞིབ་བཤེར་ཡག་པོ་བྱེད་པ་དང་སྒྲིག་ཆས་ལེགས་སྒྲིག་ཡང་ཡང་བྱེད་དགོས་ཤིང་། དེ་ནི་ཉམས་གསོ་ཚོགས་པའི་ངང་རྒྱུད་དང་ལག་རྩལ་ལ་ཚོད་བགམ་བྱེད་པ་ཞིག་རེད།
རྩ་ཆེའི་ལོ་རྒྱུས་བརྙན་པར་འདི་དག་མྱུར་སྐྱོབ་བྱ་ཆེད། ཉམས་གསོ་ཚོགས་པས་དུས་ཚོད་དམ་འཛིན་བྱས་ཏེ་དུས་ཡུན་ལོ་གཉིས་རིང་སྤྱིའི་རིང་ཚད་སྐར་མ་1461དང་སྐར་ཆ་24ཡོད་པའི་བརྙན་པར་ཉམས་གསོ་བྱས་པ་རེད།
འདི་ལོའི་ཟླ་5ཚེས་25ཉིན། “བོད་ཀྱི་རྩ་ཆེའི་ལོ་རྒྱུས་བརྙན་པར་གྱི་སྤྱིན་ཤོག་གྲངས་འཛིན་ལ་སྒྱུར་བའི་མྱུར་སྐྱོབ་འདུ་འགོད”ཀྱི་གྲུབ་འབྲས་བོད་ལྗོངས་གློག་བརྙན་ཐོག་བརྩེགས་ཁང་ཆེན་དུ་ཡོངས་བསྒྲགས་བྱས་ཤིང་། མཚོ་མོ་དང་རི་ཀླུང་ལས་བསྐྱར་དུ་བཀྲག་མདངས་རྒྱས་ཤིང་། སྔོན་ཆད་གསལ་ལ་མི་གསལ་གྱི་འཛུམ་མདངས་དག་གསལ་པོར་མངོན་པ་དང་། འཛེར་སྒྲའི་ཀློང་དུ་འཐིམས་པའི་དགོད་སྒྲ་ཡང་ལྷང་ལྷང་དུ་ཐོས་པས་འདས་ཟིན་པའི་ལོ་ཟླ་སླར་ཡང་ཝ་ལེར་མངོན། བརྙན་མིག་ནང་དུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕེལ་རྒྱས་དང་འགྱུར་ལྡོག་ཡོད་ལ། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་གནས་ཚུལ་ངོ་མ་དང་མི་རིགས་མཐུན་སྒྲིལ་དང་ཕན་ཚུན་ལྟ་སྐྱོང་བྱེད་པའི་རྣམ་པ་ཡང་ཡོད། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བའི་དུས་མཚམས་གལ་ཆེན་འདིར། ལོ་རྒྱུས་ཀྱི་བརྙན་པར་འདི་དག་ཉམས་གསོ་དང་ཡོངས་བསྒྲགས་བྱས་པས། མི་རྣམས་ཀྱིས་ལོ་ངོ་75ཡི་རིང་བོད་དུ་བྱུང་བའི་འཕོ་འགྱུར་ཆེན་པོ་དག་ཐད་ཀར་མཐོང་ཐུབ།
སྤྱིན་ཤོག་གིས་ལོ་རྒྱུས་མཚོན་ལ་བརྙན་པར་ནི་དུས་རབས་ཀྱི་དཔང་པོ་ཡིན། འདུ་འགོད་འདི་ནི་ལག་རྩལ་ཐད་ཀྱི“གསར་སྒྱུར”ཙམ་གཏན་ནས་མིན། ཉམས་གསོ་བྱས་རྗེས་ཀྱི་བརྙན་པར་གྱིས་ལོ་རྒྱུས་ལ་ཞིབ་འཇུག་དང་། མི་རིགས་ཀྱི་ལོ་རྒྱུས་འབྲི་བ། སྤྱི་ཚོགས་འཕོ་འགྱུར་ལ་དབྱེ་ཞིབ་བཅས་བྱེད་པར་གཞན་གྱིས་ཚབ་བྱེད་ཐབས་བྲལ་བའི་བརྙན་པར་གྱི་དཔང་རྟགས་མཁོ་འདོན་བྱས་ཡོད་པ་མ་ཟད། འཛམ་གླིང་གི་སྐྱེ་བོ་ཀུན་ལ་ཕྱིར་ལྟའི་སྐར་ཁུང་གསར་པ་བཏོད་དེ་གྲངས་འཛིན་དུས་རབས་སུ་གངས་ལྗོངས་ས་མཐོའི་ལོ་རྒྱུས་དང་རིག་གནས་ཟབ་མོར་བཀྲག་མདངས་འཚེར་བར་བྱས་ཡོད། ང་ཚོས་ལས་འགན་དང་འགན་འཁྲི་རྒྱུན་མཐུད་ཁུར་ཏེ་ཆེད་ལས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཀྲུང་ཧྭའི་བརྙན་པར་རིག་གནས་ཀྱི་རྒྱུན་བསྐྱངས་ཏེ། རང་རྒྱལ་གྱི་བརྙན་པར་ཡིག་ཚགས་སྲུང་སྐྱོང་དང་། དོན་གོ་ཆོད་པ། མི་རབས་ནས་མི་རབས་བར་རྒྱུན་འཛིན་བཅས་ལ་རམ་འདེགས་བྱ་རྒྱུ་ཡིན།
(རྩོམ་པ་པོའི་ལས་ཁུངས་ནི་ཀྲུང་གོ་གློག་བརྙན་དཔྱད་གཞི་ཁང་དང་བོད་རང་སྐྱོང་ལྗོངས་གློག་བརྙན་སྤྱི་པའི་ཞབས་ཞུ་ལྟེ་གནས་ཡིན)
(བསྟན་འཛིན་དང་དམ་ཆོས་མི་ཕམ་གྱིས་སྒྱུར་ཞུས་བྱས)