《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年06月16日

2026ལོའི་མཐུན་འགྲོགས་ཤེས་དཔལ་གླེང་སྟེགས་ཀྱི་དོ་གནད“མཐུན་འགྲོགས་བློ་གྲོས”དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བཞག་པ།

ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཐ་ཧྲི་ཀན་ནས་ཟླ་6ཚེས་12ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི་མཐུན་འགྲོགས་ཤེས་དཔལ་གླེང་སྟེགས་ཚེས་12ཉིན་ཨུ་ཟ་བྷེ་ཁི་སི་ཐན་གྱི་རྒྱལ་ས་ཐ་ཧྲི་ཀན་དུ་གཉེར་བ་རེད། ཀྲུང་གོ་དང་། ཨུ་ཟ་བྷེ་ཁི་སི་ཐན། ཧ་སག་སི་ཐན། ཁེར་གྷི་སི་ཐན། ཐ་ཇིག་སི་ཐན། ཏུར་མེན་སི་ཐན། ཨུ་རུ་སུ་སོགས་རྒྱལ་ཁབ་7གྱི་རིག་གཞུང་ལས་རིགས་དང་། རིག་གནས་ལས་རིགས། སྲིད་ཕྱོགས་ལས་རིགས། བཟོ་ཚོང་ལས་རིགས་བཅས་ཀྱི་འཐུས་མི་200ལྷག་ཙམ་ཚོགས་འདུར་ཞུགས་ནས་སྤེལ་རེས་བྱས་པ་རེད།

ད་ཐེངས་ཀྱི་གླེང་སྟེགས་ནི་རྒྱལ་སྤྱིའི་རུའུ་ལུགས་མཉམ་འབྲེལ་ལྷན་ཚོགས་དང་ཐ་ཧྲི་ཀན་རྒྱལ་བཙུགས་ཤར་ཕྱོགས་སློབ་ཆེན་གྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་བརྗོད་དོན་གཙོ་བོ་ནི“‘མཐུན་འགྲོགས་བློ་གྲོས’དང‘རྒྱུད་གཅིག་ལམ་གཅིག’གི་སྤུས་ཚད་མཐོ་བའི་འཕེལ་རྒྱས”ཞེས་པ་དེ་རེད།

རྒྱལ་སྤྱིའི་རུའུ་ལུགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཚོགས་གཙོ་སུན་ཁྲུན་ལན་གྱིས་བརྙན་ལམ་ཐོག་ཤིས་ཚིག་སྒྲོན་སྐབས་རུའུ་ལུགས་ཀྱི་སྔོན་བྱོན་མཁས་པས་གནའ་སྔ་མོ་ནས་ཧེ་བག་དངོས་སུ་གནས་པར་ཁས་ལེན་དང་བརྩི་འཇོག་བྱེད་པ་དང་འབྲེལ། དེའི་རྨང་གཞིའི་ཐོག་ཞི་མཐུན་མཉམ་གནས་འཚོལ་ཞིབ་བྱེད་དགོས་པའི་ངོས་འཛིན་བྱུང་ཡོད། ཨེ་ཤེ་ཡ་དབུས་མའི་རྒྱལ་ཁབ་ཁག་གི་རིག་གནས་ལའང་ཞི་བདེར་དགའ་ཞེན་དང་། མཐུན་སྒྲིལ་ལ་གཅེས་སྤྲས། ཁོང་ཡངས་ཀྱི་འདོད་ཚུལ་འཛིན་པ་བཅས་ཀྱི་བསམ་བློ་འདུས་ཡོད། ལོ་ངོ་ཉིས་སྟོང་ལྷག་ཙམ་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་མི་དམངས་ཀྱིས“མཐུན་འགྲོགས་བློ་གྲོས”རྒྱུན་འཛིན་བྱས་ནས་དར་གོས་ལམ་བུ་དར་རྒྱས་ཡོང་བར་མཉམ་དུ་སྐུལ་འདེད་བཏང་ཡོད། ད་ཆ“ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་ཡིད་ཆེས། གཉིས་ཕན། རོགས་རེས་བཅས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་མཉམ་དུ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི” “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”ཀྱིས་ས་ཁུལ་མཉམ་ལས་ལ་སྣེ་ཁྲིད་བྱས་ནས་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་བཞིན་ཡོད་ཅེས་བསྟན་པ་རེད།