ཞིང་ལས་ཐོན་རྫས་ཀྱི་སྤུས་རྟགས་971“ལྗང་མདོག་སྤྲིན་ཚོམ་ཐོན་རྫས”དཔྱད་འདེམས་བྱས་པ་དང་། ལྗང་མདོག་ནུས་རྒྱུའི་གློག་འདོན་ཤུགས་ཀྱི་གཞི་ཁྱོན་ཆན་ཝ་དུང་ཕྱུར་1.55ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ། “སྐྱེ་ཁམས་དང་རིག་གནས་ཡུལ་སྐོར་ཟུང་འབྲེལ”དང“སྐྱེ་ཁམས་དང་ཞིབ་སྦྱོང་ཟུང་འབྲེལ”སོགས་ལས་རྣམ་གསར་པ་ཡར་ངོའི་ཟླ་བཞིན་འཕེལ་རྒྱས་ཕྱིན་པ་སོགས། ཟླ་དྲུག་པའི་ཡུན་ནན་དུ་ནམ་མཁའ་སྔོ་ཞིང་ཆུ་མོ་དྭངས་བ་དང་། ས་གཞི་སྔོ་ལྗང་གིས་བརྒྱན་ནས་ལྗང་མདོག་འཕེལ་རྒྱས་ཀྱི་མཛེས་སྡུག་མངོན།
2025ལོའི་ཟླ་གསུམ་པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཡུན་ནན་དུ་རྟོག་ཞིབ་གནང་སྐབས“ཡུན་ནན་གྱི་སྐྱེ་ཁམས་གནས་བབ་གལ་ཆེ་བས་སྐྱེ་ཁམས་སྔོན་འཇོག་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་རང་རྒྱལ་ལྷོ་ནུབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་བརྟན་དུ་གཏོང་དགོས”ཞེས་གསུངས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་སྐབས་ཡུན་ནན་གྱིས“སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གདོང་དམག”གི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་ཏེ། སྐྱེ་ཁམས་ཀྱི་ལེགས་ཆ་དེ་ལྗང་མདོག་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེན་པོར་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལྗང་མདོག་རྨང་གཞི་བརྟན་དུ་བཏང་བ་རེད།
ལྗང་མདོག་ཞིང་ལས་འཕེལ་རྒྱས་བཏང་ནས་རི་སྔོན་ཆུ་དྭངས་བསྲུངས་པ།
ཁུན་མིང་གྲོང་ཁྱེར་ཅིན་ཉིང་ཆུས་ནས་ལོ་རེར་མེ་ཏོག་སོས་པ་རྐང་དུང་ཕྱུར་58ཐོན་གྱི་ཡོད་པས་རང་རྒྱལ་གྱི་མེ་ཏོག་སོས་པ་ཐོན་སྐྱེད་བྱ་ཡུལ་གལ་ཆེན་ཞིག་ཡིན།
“མཛེས་སྡུག་ལྡན་པའི་ཐོན་ལས”ཀྱིས་སྐབས་ཤིག་རིང་སྦགས་བཙོག་བཟོས་ཤིང་། སྔོན་མ་མེ་ཏོག་ཕྱི་རོལ་དུ་འདེབས་པ་དང་རྒྱུན་དུ་ཆུ་མང་པོ་བརྒྱབ་པས། ཆུ་སྙིགས་གཙང་གསིང་མ་ཐུབ་པར་ཏེན་ཁྲི་མཚེའུ་འབབ་རྒྱུད་དུ་བཞུར་ནས་སྦགས་བཙོག་གི་གནོད་འཚེ་ཚབས་ཆེན་བཟོས་ཡོད།
སྲུང་སྐྱོང་དང་འཕེལ་རྒྱས་མཐུན་སྦྱོར་མཉམ་སྤེལ་ཇི་ལྟར་བྱེད་དགོས་སམ།
ཡུན་ཐེན་ཧྭ་མེ་ཏོག་ཚོང་ཁང་ཅིན་ཉིང་མེ་ཏོག་སོས་པའི་ཐོན་ལས་དེང་རབས་ཅན་གྱི་དཔེ་སྟོན་གླིང་དུ་ཐིགས་ཆུ་གཏོང་བའི་མདོང་ལམ་མང་བ་དང་གནད་ལ་འཁེལ་ཞིང་ཚད་དང་མཐུན་པའི་འཚོ་བཅུད་གཤེར་ཁུ་དེའི་ནང་འཁོར་རྒྱུག་བྱེད་བཞིན་ཡོད། ཡུན་ཐེན་ཧྭ་མེ་ཏོག་ཚོང་ཁང་ཚན་རྩལ་ཚད་ཡོད་འགན་འཁྲི་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཀྲུའུ་ཀྲེན་གྱིས“གླིང་ཁུལ་དུ་ས་མེད་འདེབས་གསོ་དང་ཆུ་ལུད་གཞི་གཅིག་ཅན་གྱི་འཁོར་རྒྱུག་མ་ལག་སྤྱད་ཡོད་ཅིང་། བྱེད་སྟངས་གསར་པ་དེས་སྔོན་ཆད་ལས་ཆུ་30%དང་ལུད་50%གྲོན་ཆུང་ཐུབ་ཀྱི་ཡོད”ཅེས་ངོ་སྤྲོད་བྱས་པ་དང་། ཁོང་གིས་བསྡུ་ལེན་མ་ཐུབ་པའི་ཆུ་ལུད་ཚང་མ་བསྐྱར་དུ་འཁོར་རྒྱུག་བེད་སྤྱོད་བྱེད་ཀྱི་ཡོད་ཅེས་བཤད།
ཅིན་ཉིང་ཆུས་ཀྱིས་ཆུ་ལུད་གཞི་གཅིག་ཅན་གྱི་འཁོར་རྒྱུག་བེད་སྤྱོད་ལག་རྩལ་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་སྟེ་ལྗང་མདོག་ཐོན་སྐྱེད་དཔེ་སྟོན་རྟེན་གཞི་38དང་མུའུ་ཁྲི་1ལྷག་ཙམ་ཟིན་པའི་ཚད་གཞི་མཐོ་བའི་སྒྲིག་བཀོད་མེ་ཏོག་སོས་པའི་རྟེན་གཞི་བསྐྲུན་ཡོད། ས་དམ་གྲོང་ཁྱེར་གྱིས་ཆུ་འབྲས་ཀྱི་ལྗང་མདོག་སྐྱེ་ཁམས་འདེབས་འཛུགས་བྱེད་སྟངས་འཚོལ་ཞིབ་བྱས་ཏེ་ལུད་རྒྱག་པའི་གྲུབ་ཆ་ལེགས་སུ་གཏོང་བ་དང་ཡུར་བུའི་ཆུ་འགོག་པའི་སྐྱེ་ཁམས་མ་ལག་བཙུགས་པ་བརྒྱུད་ཆུའི་སྦགས་བཙོག་ཉུང་དུ་བཏང་བ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཨེར་ཧའེ་མཚོ་ཁོངས་སུ་ཁྱབ་གདལ་བཏང་བའི་རྒྱ་ཁྱོན་མུའུ་ཁྲི་13ལས་བརྒལ་བ་སོགས་ཡུན་ནན་གྱིས་ལྗང་མདོག་ནུས་ཆེའི་དེང་རབས་ཅན་གྱི་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཤུགས་ཆེན་བཏང་ནས་ལྗང་མདོག་ཐོན་སྐྱེད་བྱེད་སྟངས་དེ་ཞིང་ནང་གི་དར་སྲོལ་ཞིག་ཏུ་འགྱུར་བར་བྱས་ཡོད།
ལྗང་མདོག་གློག་ཤུགས་ཀྱི་ལེགས་ཆ་བཏོན་ནས་བཟོ་ལས་ལྗང་མདོག་དང་རྣམ་གསར་ཕྱོགས་སུ་འཕེལ་རྒྱས་བཏང་བ།
ཡུན་ནན་གྱི་ལྗང་མདོག་ནུས་རྒྱུ་གསར་སྤེལ་བྱེད་ཚད་ཀྱི་སྤྱི་འབོར་ཆན་ཝ་དུང་ཕྱུར་2ཟིན་པ་དེས་རྒྱལ་ཡོངས་ཀྱི་20%ཙམ་བཟུང་ཡོད། ཞིང་ཆེན་ཡོངས་ཀྱི་གློག་ཤུགས་ཆན་ཝ་དུང་ཕྱུར་1.67ཟིན་པ་ལས་ལྗང་མདོག་ནུས་རྒྱུའི་གློག་འདོན་ཚད་ཀྱིས་བསྡུར་ཚད་90%ལྷག་ཙམ་བཟུང་བ་དང་ལྗང་མདོག་ནུས་རྒྱུའི་ཉོ་ཚོང་གི་གློག་འབོར་གྱིས་བཟུང་བའི་བསྡུར་ཚད་བཅུ་ཆ་བརྒྱད་ལྷག་ཟིན་ཡོད། ལྗང་མདོག་ནུས་རྒྱུའི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་འགྱུར་བཞིན་ཡོད་པ་དང“ལྗང་གློག་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས”མཉམ་འདྲེས་འཕེལ་རྒྱས་ཕྱིན་ནས་མགྱོགས་མྱུར་དར་རྒྱས་ཡོང་བཞིན་ཡོད།
“ཁེ་ལས་ཀྱིས་སྤྱོད་པའི་གློག་ཤུགས་ཀྱི་བཅུ་ཆ་བརྒྱད་ལྷག་ཙམ་ནི་ནུས་རྒྱུ་གཙང་མ་ནས་བྱུང་བ་ཞིག་རེད”ཅེས་ཡུན་ནན་ཧ་ཡང་ལས་རིགས་མ་རྐང་ཚད་ཡོད་ཀུང་སིའི་སྒྲིག་ཆས་པུའི་ནུས་རྒྱུའི་ལས་སྒོའི་ཅིང་ལི་དབྱང་ཡན་ཝེ་ཡིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་དེས་ཁེ་ལས་ཀྱིས་བཙོག་འབུད་ཉུང་གཏོང་བྱེད་ཐུབ་པ་མ་ཟད། ད་དུང་རྒྱལ་སྤྱིའི་ཁས་ལེན་ཐོབ་ཚད་ཀྱང་མཐོ་རུ་གཏོང་ཐུབ་ཅེས་བརྗོད།
ལྗང་མདོག་གློག་ཤུགས་ཀྱིས་མཐུན་རྐྱེན་སྦྱར་བ་དང་། ལྗང་མདོག་གི་ཧ་ཡང་དང་། སྭེལ་འོད་ཤུགས། ནུས་རྒྱུ་གསར་པའི་གློག་རྫས་སོགས་སྒོར་དུང་ཕྱུར་སྟོང་རིམ་པའི་ཐོན་ལས་ཚོ་འདུས་སྐྱེད་སྲིང་བྱས་ཡོད། ལྗང་མདོག་ནུས་རྒྱུའི་འབྲེལ་ཡོད་ཐོན་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4000ཡས་མས་འཕར་ནས་ཡུན་ནན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་ཀ་རྟེན་ལ་གྱུར་ཡོད།
“རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་བསྟར་བས་སྐྱེ་ཁམས་བཟང་པོ་ལས་རྣམ་བཟང་པོར་གྱུར་པ།
ལོ་ངོ་སྟོང་གི་ཞིང་ལས་ཤུལ་བཞག་ལ་བརྟེན་ནས་ཡོན་དབྱང་རྫོང་གིས་ས་ཞིང་རྨོ་འདེབས་ཞིབ་སྦྱོང་དང་བྱེས་སྡོད་སོགས་ཀྱི་ལས་རྣམ་གསར་པ་འཕེལ་རྒྱས་བཏང་ནས་ཡུལ་སྐོར་བ་ཉམས་ལེན་བྱེད་པར་ཡོང་བའི་ཡིད་དབང་བཀུག་ཅིང་། དུས་ཚིགས་དང་པོར་ཡུལ་སྐོར་བ་མི་ཁྲི་180ལྷག་ཙམ་ལ་སྣེ་ལེན་ཞུས་པ་དེ་དུས་མཚུངས་ལས་9.89%འཕར་ཡོད།
ཡུན་ནན་གྱི་ས་གནས་ཁག་གིས“རི་བོ་གཉིས”ཀྱི་གཞན་འགྱུར་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་སྐྱེ་ཁམས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་བྱས་ཡོད།
འབྲི་ཆུའི་བྱང་རྒྱུད་དང་ལི་ཅང་གྲོང་ཁྱེར་ཧྭ་ཕིང་རྫོང་དུ་དེ་སྔ་རྡོ་སོལ་སྔོག་འདོན་བྱས་པའི་རྐྱེན་གྱིས་སྐྱ་ཐེར་ཐེར་དུ་གྱུར་པའི་རི་རྒོད་དུ་ད་ཆ་ཤིང་ཏོག་ཨ་མྲའི་སྡོང་པོ་སྟར་པ་མང་པོ་བཏབ་ཡོད།
“དེ་སྔ‘རྡོ་སོལ་ཁོ་ནར་བརྟེན་པ’ནས་ད་ཆ‘ལྗང་མདོག་ལ་བརྟེན་ནས་ཡོང་འབབ་བྱུང་བའི’བར་འགྱུར་ལྡོག་ཕྱིན་ཡོད”ཅེས་ཧྭ་ཕིང་རྫོང་ཨུད་ཞིང་ལས་གཞུང་དོན་ཁང་གི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་སུན་ཧྥ་མིང་གིས་ངོ་སྤྲོད་བྱས་པ་དང་། ཁོང་གིས་ད་ཆ་ང་ཚོའི་རྫོང་གིས་ཤིང་ཏོག་ཨ་མྲའི་འདེབས་ཁྱོན་མུའུ་ཁྲི་45.9ཟིན་པ་དང་། ཤིང་ཏོག་འདེབས་མཁན་ཞིང་པ་མི་རེར་ལོར་ཤིང་ཏོག་སོས་པའི་ཡོང་འབབ་སྒོར་ཁྲི་3.26ཡོང་གི་ཡོད་པ་དང་། ཧྭ་ཕིང་རྫོང་ཡང“རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”ལག་ལེན་གསར་གཏོད་ཀྱི་རྟེན་གཞིའི་མིང་གཞུང་དུ་ཚུད་ཡོད་ཅེས་བརྗོད།
ཡུན་ནན་ཞིང་ཆེན་གྱིས“ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་སླེབས་སྐབས་ལྗང་མདོག་གི་ཐོན་སྐྱེད་དང་འཚོ་བ་སྐྱེལ་སྟངས་གཞི་རྩའི་ཆ་ནས་ཆགས་པ་དང་། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་དང་། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས། སྐྱེ་ཁམས་སྲུང་སྐྱོང་སླར་གསོ་སོགས་ལ་གྲུབ་འབྲས་དེ་བས་ཆེ་བ་ཐོབ་པ། ས་མཐོའི་མཚོ་མཚེའུ་དང་ཆུ་རྒྱུད་ཆེ་གྲས་དྲུག་གི་ཆུའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་འགྲོ་བ། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ཕྱོགས་ཡོངས་ནས་ལེགས་སུ་འགྲོ་བ་བཅས་ཁ་གསལ་བཏོན་ཡོད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཡུན་ནན་གྱིས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་འཕྲི། སྔོ་ལྗང་ཆེར་གཏོང་། དཔལ་འབྱོར་འཕར་སྣོན་བཅས་ལ་མཐུན་སྦྱོར་སྐུལ་འདེད་བཏང་ནས་སྐྱེ་ཁམས་མཛེས་པ་དང་། ཐོན་ལས་དར་བ། མི་སེར་ཕྱུག་པ་བཅས་ཀྱི་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུ་གསར་པར་ཧུར་ཐག་སྐྱོད་བཞིན་ཡོད”ཅེས་ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཉིང་གིས་བཤད།
(བསྟན་བློ་དང་ཚེ་ལྷས་སྒྱུར་ཞུས་བྱས)