《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

2026ལོའི“དྭངས་གཙང་རྨ་ཆུའི”ཡུལ་སྐོར་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་ཟི་ལིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་མཚོ་སྔོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར། ཟླ་5ཚེས་19ཉིན། 2026ལོའི“དྭངས་གཙང་རྨ་ཆུའི”ཡུལ་སྐོར་རིམ་སྤེལ་བྱེད་སྒོ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་གཅན་ཚ་རྫོང་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་དུ་འགོ་ཚུགས་པ་རེད།

རྨ་ཆུའི་རྒྱུད་ཀྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་ཡི་འཁོར་ཁྲིད་དགའ་ཞེན་པ་ལས་གྲུབ་པའི་འཁོར་ཁྲིད་རུ་ཁག་གིས་དུས་གཅིག་ཏུ་དུང་བརྡ་སྒྲོག་བཞིན་དུ་ཁམས་ར་འཛམ་གླིང་ས་གཤིས་སྤྱི་གླིང་ནས་དངོས་སུ་ཐོན། རླངས་འཁོར་རུ་ཁག་གིས་མཚོ་སྔོན་གྱི་རྨ་ཆུའི་ཆུ་འགོ་ནས་ཐོན་ཏེ་རྨ་ཆུའི་ཆུ་གཞུང་བརྒྱུད་ཤར་ཏུ་སྐྱོད་རྒྱུ་ཡིན་ཞིང་། ཀན་སུའུ་དང་། ཉིང་ཞ། ནང་སོག ཧྲའན་ཤིས། ཧྲན་ཤིས། ཧོ་ནན་བཅས་བརྒྱུད་དེ་མཐར་ཧྲན་ཏུང་ཏུང་དབྱིང་གི་རྨ་ཆུ་རྒྱ་མཚོའི་ནང་འབབ་སར་འབྱོར་རྒྱུ་ཡིན་པ་དང་། ལམ་ཐིག་ཧྲིལ་པོས་རྨ་ཆུ་རྒྱུག་ཁུལ་གྱི་མཚོན་རྟགས་རང་བཞིན་གྱི་སྐྱེ་ཁམས་མཛེས་ལྗོངས་དང་རིག་གནས་རྗེས་ཤུལ་སྦྲེལ་མཐུད་བྱས་ཏེ། འཁོར་ཁྲིད་མྱོང་རོལ་དང་། རིག་གནས་རྩད་འཚོལ། མཛེས་ལྗོངས་ལྟ་རོལ་སོགས་ཀྱི་རྣམ་པ་བརྒྱུད། རྨ་ཆུའི་ཆུ་འགོ་ནས་རྒྱ་མཚོའི་ནང་འབབ་སའི་བར་གྱི་མཛེས་ཤིང་ལྟ་ན་སྡུག་པའི་ཡུལ་ལྗོངས་དང་གཏིང་ཟབ་པའི་ལོ་རྒྱུས་རིག་གནས་ཕྱོགས་ཡོངས་ནས་མངོན་པར་བྱ་རྒྱུ་རེད།

མཚོ་སྔོན་ནི་རྨ་ཆུའི་རིག་གནས་ཀྱི་འབྱུང་གནས་གལ་ཆེན་ཞིག་ཡིན་ཞིང་། དྲག་ཏུ་རྒྱུག་པའི་རྨ་ཆུ་ཡིས་སྣ་མང་མཉམ་གནས་ཀྱི་མི་རིགས་རིག་གནས་ལེགས་པར་བསྐྱངས་ཏེ་ལྟ་བས་ཆོག་མི་ཤེས་པའི་ས་མཐོའི་རི་ཀླུང་གི་མཛེས་ལྗོངས་ཤིག་བཏོད་ཡོད། བྱེད་སྒོ་སྤེལ་ཡུལ་དུ་མཚོ་སྔོན་ཞིང་ཆེན་གྱི“དྭངས་གཙང་རྨ་ཆུའི”ཡུལ་སྐོར་ས་རྒྱུད་ཀྱི་རྩེར་སོན་ལམ་ཐིག་ཁྱབ་བསྒྲགས་བྱས་ཤིང་། ལམ་ཐིག་གིས་རྨ་ཆུའི་ཆུ་འགོ་དང་། ཁམས་ར་བྲག་དམར། ཁྲི་ཀ་དྭངས་གཙང་རྨ་ཆུ། ཚ་རྔ་འགག་རོང་ཆེན། རྨ་ཆུ་དང་ཙོང་ཆུ་འདུས་སའི་ལུང་གཞུང་སོགས་ཀྱི་ཡུལ་སྐོར་ཐོན་ཁུངས་སྦྲེལ་མཐུད་བྱས་ཡོད་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། 2025ལོ་ནས་བཟུང་། མཚོ་སྔོན་གྱིས“དྭངས་གཙང་རྨ་ཆུའི”ཡུལ་སྐོར་ས་རྒྱུད་འཛུགས་སྐྲུན་བྱ་རྒྱུ་འདེགས་སྐྱོར་དུ་བྱས་ཏེ། རྨ་ཆུ་རྒྱུག་ཁུལ་གྱི་སྐྱེ་ཁམས་དང་། རིག་གནས། ཡུལ་སྐོར་ཐོན་ཁུངས་བཅས་བརྒྱུད་རིམ་ལྡན་པའི་ངང་བསྡུ་སྒྲིལ་བྱས་ནས། འཆར་གཞི་མཉམ་འགོད་དང་། སྒྲིག་བཀོད་མཉམ་སྐྲུན། ཐོན་རྫས་མཉམ་བཏོན། ཁྲོམ་ར་མཉམ་སྤྱོད་བཅས་གཞི་གཅིག་ཏུ་འདུས་པའི་འཕེལ་རྒྱས་ཀྱི་བཀོད་པ་འཛུགས་གཏོད་ཀྱིས་སྐྱེ་ཁམས་སྲུང་སྐྱོང་དང་། རིག་གནས་རྒྱུན་འཛིན། ཐོན་ལས་ཕན་ཆེ། དམངས་འཚོ་ལེགས་གཏོང་བཅས་མཉམ་ལས་གཉིས་ཕན་མངོན་འགྱུར་ཧུར་ཐག་ཡོང་བར་བྱས་ཡོད་པ་རེད།

(ཕུར་སྒྲོན་གྱིས་བསྒྱུར། བསྟན་བློས་ཞུས)