《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

རང་རྒྱལ་གྱིས་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་28ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་བརྡ་ཐོ་བཏང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2026ལོའི་ཟླ་6པ་ནས་བཟུང་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་ལ་དཔེ་འཐེན་བརྟག་དཔྱད་ཐེངས་གསུམ་པ་བྱ་རྒྱུའི་གཏན་འབེབས་བྱས་ཤིང་། བརྟག་དཔྱད་བྱ་ཡུལ་ནི་རང་རྒྱལ་མངའ་ཁོངས་ཀྱི་བརྟག་དཔྱད་ཁུལ་ཆུང་གི་རྒྱུན་སྡོད་མི་འབོར་ཚང་མ་ཡིན་པ་དང་རྒྱལ་ཡོངས་སུ་ཁྱོན་མི་ཁྲི་280ཙམ་བདམས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བརྟག་དཔྱད་ཀྱི་ནང་དོན་ནི་བརྟག་དཔྱད་བྱ་ཡུལ་མི་སྒེར་དང་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། བརྟག་དཔྱད་བྱ་ཡུལ་ཁྲོད་ཀྱི་དབང་པོ་སྐྱོན་ཅན་གྱི་དབང་སྐྱོན་གནས་ཚུལ་དང་། དབང་པོ་སྐྱོན་ཅན་ཆགས་པའི་རྒྱུ་རྐྱེན། དབང་སྐྱོན་གྱི་ལག་ཁྱེར་ཡོད་མེད(ལག་ཁྱེར་མེད་པའི་རྒྱུ་རྐྱེན་ཡང་ཚུད་པ) འཚོ་བའི་གནས་ཚུལ། ཞབས་ཞུའི་གནས་ཚུལ། དགོས་མཁོ་སོགས་དང་འབྲེལ་བ་ཡོད་པ་རེད།

བརྟག་དཔྱད་བྱེད་རིང་། རང་རྒྱལ་གྱི་དབང་པོ་སྐྱོན་ཅན་དང་དེའི་ཁྱིམ་ཚང་གི་གཞི་རྩའི་གནས་ཚུལ་དང་། དབང་པོ་སྐྱོན་ཅན་གྱི་དབང་སྐྱོན་གནས་ཚུལ་དང་དེ་བཞིན་འཚོ་བ་དང་འཕེལ་རྒྱས་ཀྱི་གནས་ཚུལ་སོགས་ཕྱོགས་ཡོངས་དང་དོན་དངོས་དང་མཐུན་པའི་སྒོ་ནས་མཐིལ་རྟོགས་བྱས་ཏེ་འབྲེལ་ཡོད་བཅའ་ཁྲིམས་དང་། ཁྲིམས་སྲོལ། སྲིད་ཇུས་བཅས་འཐུས་སྒོ་ཚང་དུ་གཏོང་བ་དང་མི་འབོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡང་དག་པའི་བསྡོམས་རྩིས་ཆ་འཕྲིན་གྱི་རྒྱབ་སྐྱོར་བྱ་རྒྱུའི་བླང་བྱ་བཏོན་ཡོད།

ཀྲུང་གོ་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱི་འབྲེལ་ཡོད་འགན་འཁུར་བས་ཐེངས་འདིའི་རྒྱལ་ཡོངས་ཀྱི་དབང་པོ་སྐྱོན་ཅན་གྱི་དཔེ་འཐེན་བརྟག་དཔྱད་ནི་1987ལོ་དང་2006ལོའི་རྗེས་སུ་དབང་པོ་སྐྱོན་ཅན་ལ་ཕྱོགས་ནས་སྤེལ་བའི་རྒྱལ་བབ་བརྟག་དཔྱད་གལ་ཆེན་ཞིག་ཡིན་པ་དང་། 2028ལོའི་ཟླ་12པར་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།