《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月31日

ན་ནིང་རང་རྒྱལ་གྱིས་གཱ་ཁྲི་རིམ་པའི་རིག་རྩིས་ཚོ་འདུས་ཞེ་གཉིས་བཙུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་སྒྲིག་འཛུགས་བྱས་ནས་བཟོས་པའི《ཀྲུང་གོའི“མི་ཐབས་རིག་ནུས+”2026ལོའི་ནུས་རྒྱུ་འཕེལ་རྒྱས་ཀྱི་སྙན་ཞུ》ཁྱབ་བསྒྲགས་བྱས་པ་རེད། འདི་ནི་རང་རྒྱལ་གྱི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་མི་ཐབས་རིག་ནུས་དང་ནུས་རྒྱུ་མཉམ་འདྲེས་འཕེལ་རྒྱས་ཐད་ཀྱི་ལོ་འཁོར་གྱི་སྙན་ཞུ་ཐོག་མ་དེ་རེད།

མིག་སྔར། མི་ཐབས་རིག་ནུས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དེས་གོ་ལ་ཧྲིལ་པོའི་རྩིས་ནུས་སྒྲིག་བཀོད་ཀྱི་གློག་སྤྱོད་དགོས་མཁོ་རྒྱུན་མཐུད་འཕར་བར་སྐུལ་ཁྲིད་ཐུབ་ཡོད། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་སྔོན་དཔག་བྱས་པར་གཞིགས་ན། 2030ལོར་སླེབས་སྐབས་གོ་ལ་ཧྲིལ་པོའི་གྲངས་གཞི་ལྟེ་གནས་ཀྱི་གློག་སྤྱོད་ཚད་2025ལོ་ལས་ལྡབ་ཙམ་འཕར་རྒྱུ་ཡིན་པ་རེད།

སྙན་ཞུ་ལས་མངོན་པར། 2025ལོར་རང་རྒྱལ་གྱིས་གཱ་ཁྲི་རིམ་པའི་རིག་རྩིས་ཚོ་འདུས་42བཙུགས་པ་དང་། རྒྱལ་ཡོངས་རྩིས་ནུས་ལྟེ་གནས་ཀྱི་སྤྱིའི་གློག་སྤྱོད་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་1700ཟིན་ཡོད། རྒྱལ་ཡོངས་ཀྱི་གཞི་གཅིག་ཅན་གྱི་རྩིས་ནུས་དྲ་རྒྱའི་ལྟེ་བའི་ལྷུ་ཚིགས་ཆེན་པོ་བརྒྱད་ཀྱི་རྩིས་ནུས་ཀྱི་གློག་སྤྱོད་དེ་གློག་སྤྱོད་འཕར་ཁུངས་གཙོ་བོར་གྱུར་པ་དང་། ཉེ་བའི་ལོ་གསུམ་རིང་གི་ཆ་སྙོམས་འཕར་ཚད་39.5%ཙམ་ཟིན་པ་དེ་སྤྱི་ཚོགས་ཡོངས་ཀྱི་གློག་སྤྱོད་ཚད་ཀྱི་ཆ་སྙོམས་འཕར་ཚད་ལས་དེ་བས་མཐོ་བ་ཡོད་པ་རེད།