འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་18.2%འཕར་བ་དེ་ཟླ་དང་པོ་ནས་གསུམ་པའི་བར་ལས་བརྒྱ་ཆའི་གྲངས་2.7འཕར་མགྱོགས་སུ་ཕྱིན་ཡོད། དེའི་ནང་སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་གྲངས་གནས་གཉིས་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་པ་དང་། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་སྣེ་ཁྲིད་ནུས་པ་མངོན་གསལ་དོད་པོ་ཐོན་པ། མ་བཅོས་རྒྱུ་ཆའི་བཟོ་སྐྲུན་ལས་རིགས་ཀྱི་ཁེ་སྤོགས་འཕར་བ་བཅས་བྱུང་ཡོད།
ཟླ་དང་པོ་ནས་བཞི་པའི་བར། བཟོ་སྐྲུན་ལས་རིགས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་དུས་མཚུངས་ལས་20.4%འཕར་བ་དེ་ཟླ་དང་པོ་ནས་གསུམ་པའི་བར་ལས་བརྒྱ་ཆའི་གྲངས་1.3འཕར་མགྱོགས་སུ་ཕྱིན་ཡོད། ཟླ་བཞི་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་24.7%འཕར་ཡོད།
བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་བརྟན་པོ་འཕར་ཞིང་། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་5.2%འཕར་བ་དེ་ཟླ་དང་པོ་ནས་གསུམ་པའི་བར་ལས་བརྒྱ་ཆའི་གྲངས་0.2འཕར་མགྱོགས་སུ་ཕྱིན་ཡོད། དེའི་ནང་ཟླ་བཞི་པར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་5.7%འཕར་བ་དེ་ཟླ་གསུམ་པ་ལས་བརྒྱ་ཆའི་གྲངས་1.3འཕར་མགྱོགས་སུ་ཕྱིན་ཡོད་པ་རེད།
བཟོ་ལས་ཁེ་ལས་ཀྱི་རྩིས་གཞིའི་མ་གནས་ཆག་པ་དང་ཁེ་སྤོགས་གསོག་པའི་ནུས་པ་མུ་མཐུད་ལེགས་སུ་ཕྱིན་ཞིང་། ཟླ་དང་པོ་ནས་བཞི་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཚོང་གཉེར་ཡོང་འབབ་སྒོར་བརྒྱ་རེའི་ཁྲོད་མ་གནས་སྒོར་84.94ཟིན་པ་དེ་དུས་མཚུངས་ལས་སྒོར་0.55ཆག་པ་དང་། བཟོ་ལས་ཁེ་ལས་ཀྱི་རིམ་རྩིས་རྩིས་གཞིའི་མ་གནས་འདི་ལོ་ནས་བཟུང་ཟླ་བཞི་བསྟུད་མར་ཆག་ཡོད་པ་རེད།
གཞི་ཁྱོན་དང་རིགས་མི་འདྲ་བའི་ཁེ་ལས་ཀྱི་ཁེ་སྤོགས་འཕར་ཚད་ཅུང་མགྱོགས་ཤིང་། གཞི་ཁྱོན་ཕྱེ་ནས་བལྟས་ཚེ། ཟླ་དང་པོ་ནས་བཞི་པའི་བར། གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཆེ་འབྲིང་ཆུང་གསུམ་གྱི་ཁེ་སྤོགས་དུས་མཚུངས་ལས་19.7%དང་། 21.3% 12.0%བཅས་སོ་སོར་འཕར་བ་དང་། ཁེ་ལས་ཀྱི་རིགས་ཕྱེ་ནས་བལྟས་ཚེ། ཟླ་དང་པོ་ནས་བཞི་པའི་བར། མ་རྐང་ལམ་ལུགས་ཀྱི་ཁེ་ལས་དང་། སྒེར་གཉེར་ཁེ་ལས། གཞུང་ཁོངས་མ་རྐང་ཚོད་འཛིན་ཁེ་ལས་བཅས་ཀྱི་ཁེ་སྤོགས་24.0%དང་། 23.7% 17.1%བཅས་སོ་སོར་འཕར་ཡོད་པ་རེད། (ཚེ་ལྷས་བསྒྱུར། པ་སངས་ཚེ་རིང་དང་ཚེ་ལྷས་ཞུས)