འབྲི་ཆུའི་ངོགས་ཀྱི་བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྐམ་ཐོག་གྲོང་ཚོའི་བྲག་རི་ཆེན་པོ་ཞིག་གི་ལྡེབས་སུ་དམར་མདངས་བཀྲ་བའི“བོད་ལྗོངས”ཞེས་པའི་ཡི་གེ་གཉིས་ལས་འོད་ཆེམ་ཆེམ་དུ་འཚེར་ཞིང་། དེའི་འོག་གི་ལྗོངས་གཟིགས་སྒང་དུ་ཡུལ་སྐོར་བས་ཁེངས་ནས་ཡོད།
1950ལོའི་ཟླ་10ཚེས་6ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་སྡེ་བཅོ་བརྒྱད་པས་འདི་ནས་བོད་དུ་དཔུང་སྐྱོད་བྱེད་པའི་གོམ་པ་དང་པོ་དེ་སྤོས། 1951ལོའི་ཟླ་5ཚེས་23ཉིན། པེ་ཅིང་དུ《ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ཀྱི་ས་གནས་སྲིད་གཞུང་གཉིས་བོད་ཞི་བས་བཅིངས་བཀྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན》བཞག་ནས་བོད་ཞི་བས་བཅིངས་འགྲོལ་བཏང་བ་ཁྱབ་བསྒྲགས་བྱས་པ་རེད།
“དུས་ཐུང་ལོ་བཅུ་ཕྲག་འགའ་ཤས་ནང་ལོ་ངོ་སྟོང་གི་མཆོང་སྐྱོད་བྱུང་ཡོད”ལོ་ངོ་75སོང་རྗེས་སྐམ་ཐོག་གྲོང་ཚོའི་ཕྱོགས་གང་ས་ནས་རྣམ་པ་གསར་པ་མངོན།
“བཅིངས་འགྲོལ་གསར་བརྗེའི་དམངས་སྲོལ་གནས་ཚང”གི་སྒོ་རྩར། འདི་གར་ལས་གཏོད་བྱེད་མཁན་སི་ཁྲོན་གྱི་བུ་མོ་ཏེང་མེའོ་ཡིས་སེམས་རྩ་འཁོལ་པོས་ཡུལ་སྐོར་བར་སྣེ་ལེན་ཞུ་བཞིན་ཡོད་པ་དང་། ཁོང་གིས“ང་ཚོའི་ས་ཆ་འདིར་གསར་བརྗེའི་རིག་གནས་ཀྱི་ཁྱད་ཆོས་ལྡན་པས། དེར་བསྡད་དེ་མྱོང་ཚོར་བྱེད་རིན་ཆོག་པ་ཞིག་ཡོད”ཅེས་བརྗོད།
དམག་སྡེ་བཅོ་བརྒྱད་པས་འབྲི་ཆུ་བརྒལ་བའི་དམག་འཐབ་ཀྱི་གྲོང་ཚོའི་དྲན་གསོ་ཁང་དུ། ལོ་36ལ་སླེབས་པའི་འགྲེལ་བཤད་པ་བཀྲ་ཤིས་ཆོས་སྒྲོན་གྱིས་བརྩེ་བ་ཟབ་མོས་བོད་ལ་བཅིངས་འགྲོལ་བཏང་བའི་སྐོར་གྱི་གཏམ་རྒྱུད་བརྗོད་ཅིང་། ཁོང་གིས“བཅིངས་འགྲོལ་དམག་མི་མེད་ན་ད་ཆའི་འཚོ་བ་སྐྱིད་པོ་དེ་འདྲ་ག་ནས་ཡོང”ཞེས་བརྗོད།
བགྲང་བྱ་དོན་ལྔ་ཡི་འཕོ་འགྱུར་ཆེན་པོའི་ཁྲོད་བོད་ཀྱི་མི་དམངས་ཀྱིས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཡར་ལངས་ནས་ཕྱུག་པོ་ཆགས་པ་དང་དེ་ནས་སྟོབས་ཆེར་གྱུར་པའི་བར་གྱི་མཆོང་སྐྱོད་རླབས་པོ་ཆེ་བརྒྱུད་ཡོད།
2025ལོའི་ཟླ་8པར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་སྙན་སེང་གསན་སྐབས“མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”ཞེས་བཀའ་མངགས་ཟབ་མོ་གནང་བ་རེད།
“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ཏེ། ང་ཚོས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་ལེན་བསྟར་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་རྒྱུན་འཁྱོངས་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་དེ་བས་ལེགས་པར་འཛུགས་སྐྲུན་ཧུར་ཐག་བྱེད་དགོས”ཞེས་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་དེ་ལྟར་གསུངས་པ་རེད།
“ལོ་ལྔ་ཚན་བཅོ་ལྔ་པར”འབད་འབུངས་བྱེད་དགོས་ཤིང་། བོད་ཀྱི་འཕེལ་རྒྱས་དེ་ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པར་སླེབས་ཡོད་པས། མི་རིགས་ཁག་གི་མི་དམངས་ཀྱིས་བློ་སེམས་གཅིག་མཐུན་བྱས་ཏེ་གངས་ལྗོངས་ས་མཐོའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས།
ཁྱད་ལྡན་ལེགས་ཆའི་ཐོན་ལས་ལ་དམིགས་ཏེ་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད།
ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་དགྱེ་གླིང་གྲོང་ཚོར་ཡུལ་མི་ཚེ་རིང་མཚོ་མོས་ཇ་རའི་ནང་བསྐྱོད་དེ་སྒུར་སྒུར་བྱས་ནས་ཇ་ལོ་སྐྱེ་འཚར་ཡག་པོ་བྱུང་ཡོད་མེད་ལ་ཞིབ་པར་ལྟ་བཞིན་ཡོད་པ་དང་། ཁོང་གིས“ཇ་ལོ་འཐུ་བའི་དུས་ལ་སླེབས་ཡོད་པས་ང་ཚོས་གང་མགྱོགས་ཇ་ལོ་བཏུས་ན་ཡོང་འབབ་སྒོར་ཁྲི་འགའ་ཤས་རག་གི་རེད”ཅེས་བརྗོད།
སྔོན་ཆད་ནི“ས་མཐོའི་ཁེར་ཆགས་གླིང་ཕྲན”ཡིན་པ་དང་། ད་ཆར་ཇ་ལོའི་དྲི་ཞིམ་གང་སར་འཐུལ་བཞིན་ཡོད། མེ་ཏོག་གི་ཇའི་ཐོན་ལས་ལ་ལོ་གཉིས་བསྟུད་མར་ཐོན་རྫས་རིན་ཐང་སྒོར་དུང་ཕྱུག་ལྷག་ཙམ་བྱུང་བ་དང་།
(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) ཇ་ལོ་འཐུ་ཚད་རྒྱ་མ་ཁྲི་བརྒྱ་ལྷག་ཟིན་པ་དང་། ཇ་ལོ་ས་ཆ་མང་པོར་བཙོངས་པས་2025ལོར་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་བྱུང་ཡོད།
བོད་ཀྱིས་འབྲུ་རིགས་ཀྱི་ཐོན་འབབ་བརྟན་པོ་དང་། འབྲོག་ལས་དར་རྒྱས་ཡོང་བ། ཁྱད་ལྡན་སྟོབས་ཆེར་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ་འབྲི་གཡག་དང་། ནས། ཇ་ལོ་སོགས་ས་མཐོའི་ཁྱད་ལྡན་ཞིང་འབྲོག་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་བཏང་སྟེ། ཡུལ་དེ་གའི་ས་མཐོའི་ཁྱད་ལྡན་ཐོན་ཟོག་སྤུས་ལེགས་དག་ཁྲོམ་རར་བྲིན་ཁ་རྒྱུག་པའི་ཐོན་རྫས་ལ་འགྱུར་བར་བྱས་ཡོད།
ད་ལོ་ཚུན། མིག་སྔར་གོ་ལ་ཧྲིལ་པོའི་ས་བབ་ཆེས་མཐོ་བའི་ཤུར་གཟུགས་འོད་དྲོད་གློག་ཁང་རྣམ་གྲངས་དེ་བོད་དུ་ལས་འགོ་བཙུགས་པ་དང་། བོད་ཀྱི་ལྕོག་གཟུགས་འོད་དྲོད་རྣམ་གྲངས་ཐོག་མར་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་བཞིན་ཡོད། བོད་ནི་རང་རྒྱལ་གྱི་ཉི་མའི་འོད་འཕྲོ་མང་ཤོས་ཀྱི་ས་ཁུལ་ཡིན་ཞིང་། ཡུལ་བབ་དང་བསྟུན་ཏེ་ནུས་རྒྱུ་གཙང་མའི་ཐོན་ལས་འཕེལ་རྒྱས་བཏང་བས། ལྗོངས་ཡོངས་སུ་ནུས་རྒྱུ་གཙང་མའི་གློག་ཤུགས་ཀྱི་གློག་འདོན་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་ཁྲི་1300ལྷག་ཟིན་པ་དང་། རིམ་རྩིས་བརྒྱབ་ན་ཕྱིར་གཏོང་བྱས་པའི་ནུས་རྒྱུ་གཙང་མ་ཆུ་ཚོད་ཆན་ཝ་དུང་ཕྱུར་172ལྷག་ཙམ་ཟིན་ཡོད།
དམངས་འཚོ་འགན་སྲུང་ཤུགས་དང་ལྡན་པས་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན།
ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་ཁྲ་འདམ་ཤང་དུ་དྲོ་འཇམ་ཉི་འོད་འོག་ས་གཞི་ཚ་ལམ་ལམ་བྱེད་ཅིང་། ལོ་92ལ་སླེབས་པའི་བགྲེས་སོང་ཚེ་རིང་ལྷ་རྒྱལ་དལ་གྱིས་ཡར་ལངས་ཏེ་སྒོ་ཕྱེ་བ་དང་། སྐབས་འགུལ་སྐྱོད་དལ་ཡང་བག་ཕེབས་ཀྱི་ཉམས་ཤིག་ངང་གིས་མངོན།
དེ་སྔོན། པུས་ཚིགས་ཡག་པོ་མེད་པས་ཚེ་རིང་ལྷ་རྒྱལ་འགྲོ་སྐྱོད་བྱེད་སྐབས་སྟབས་བདེ་པོ་མེད། ད་ལོའི་ཟླ་3པར། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཁོང་ལ་པུས་ཚིགས་ཚབ་བརྗེའི་གཤགས་བཅོས་བྱས་ཤིང་། གཤགས་བཅོས་བྱས་ནས་ཉིན་ཁ་ཤས་ལས་མ་སོང་བར་བགྲེས་སོང་ཁོང་ཉལ་ཁྲི་ལས་འབབ་ཐུབ་ཀྱི་ཡོད།
2025ལོ་ཚུན། ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་རུས་ཚིགས་ཚབ་བརྗེའི་གཤགས་བཅོས་ཐེངས་100ལྷག་ཙམ་བྱས་པས། ནད་པ་ཚོ་ཁྱིམ་གྱི་སྒོ་རྩ་ནས་ལོ་མང་ནད་ཀྱིས་མནར་བའི་དཀའ་གནད་ལས་སྒྲོལ་ཐུབ་ཡོད།
ཞི་བས་བཅིངས་འགྲོལ་མ་བཏང་གོང་། བོད་ལ་སྒྲིག་ཆས་སྐྱོ་བ་དང་གཞི་ཁྱོན་ཆུང་བའི་གཞུང་བཙུགས་བོད་ལུགས་གསོ་རིག་སྒྲིག་གཞི་3དང་མི་སྒེར་གྱིས་བཙུགས་པའི་སྨན་ཁང་ཉུང་ཤས་ལས་མེད། ད་ཆ། བོད་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཡོངས་ལ་རིམ་ལྔའི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བསྐྲུན་ཟིན་པ་དང་། ལྗོངས་ཡོངས་སུ་ཁྱོན་བསྡོམས་འཕྲོད་བསྟེན་སྒྲིག་གཞི(གྲོང་ཚོའི་འཕྲོད་བསྟེན་ཁང་ཚུད་པ)7436ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་། རིམ་རྩིས་བརྒྱབ་ན་བོད་ཀྱི་དམངས་འཚོའི་ཁྱབ་ཁོངས་སུ་ནོར་སྲིད་ནས་མ་དངུལ་སྒོར་དུང་ཕྱུར་ཁྲི་1ལྷག་ཙམ་བཏང་བས། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
མི་རིགས་ཁག་གིས་མཐུན་སྒྲིལ་འབད་འབུངས་བྱས་ཏེ་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན།
ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྐྱོད་ཚེ་ཁྱིམ་ཚང་ཚང་མའི་ཐོག་ཁར་སྐར་ལྔའི་དར་དམར་ལྷབ་ལྷུབ་ཏུ་གཡོ་བཞིན་མཆིས།
སྔོན་ཆད་སངས་རྒྱས་ཆོས་པ་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་ནང་མི་གསུམ་པོས་བརྟན་སྲུང་བྱས་པའི“མི་གསུམ་ཤང”དེ་ད་ཆ་དུད་ཚང་67དང་མི་250ལྷག་ཙམ་ཡོད་པའི“འབྱོར་འབྲིང་ཤང”དུ་གྱུར་ཡོད།
སྔོ་ལྗང་རི་བོ་མཐོན་པོའི་རྩེ་ལ་མེ་ཏོག་སྣ་ཚོགས་སྡུག་གུར་བཞད་ཅིང་། ཡུལ་སྨད་ཤང་སློབ་ཆུང་ནང་ཕྲུ་གུ་ཚོའི་གླུ་སྒྲ་ལྷང་ལྷང་གྲགས། 00ནང་སྐྱེས་ཀྱི་ཀན་སུའུ་ཡི་བུ་མོ་དབྱང་ཏན་ཏན་མཐོ་རིམ་སློབ་འབྲིང་འགྲིམ་སྐབས། སྒྲོལ་དཀར་དང་གཡང་འཛོམས་གཅེན་གཅུང་གི་གཏམ་རྒྱུད་ཐོས་པས་སེམས་འགུལ་ཚད་མེད་ཐེབས་ཅིང་། སློབ་ཆེན་ཐོན་རྗེས། ཁོང་གིས་ཡུལ་སྨད་ཤང་དུ་སློབ་ཆུང་གི་དགེ་རྒན་ཞིག་བྱེད་པར་འགྲོ་རྒྱུའི་ཐག་བཅད།
“ཁྱིམ་ནི་ཡུལ་སྨད་དང་རྒྱལ་ཁབ་ནི་ཀྲུང་གོ་ཡིན” མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་བཞིན་ཡོད། 2020ལོར། ཡུལ་སྨད་དུ་སྣུམ་ནག་ལམ་ཤར་གཏོང་ཐུབ་ནས། ལོ་གཅིག་གི་ལོ་ཕྱེད་ཙམ་གངས་འཁྱགས་ཀྱིས་རི་རྒྱ་བསྡམས་པའི་ལོ་རྒྱུས་ཡོངས་སུ་མཇུག་འགྲིལ་བ་རེད། ད་ཆ། 5Gབརྡ་རྟགས་ཤང་ཡོངས་ལ་ཁྱབ་ཅིང་ཉོ་ཚོང་བྱེད་སྐབས་ཡུལ་མི་ཚོས་ཀྱང་ཁ་པར་ནས་དངུལ་སྤྲོད་ལེན་བྱེད་ཐུབ་ཀྱི་ཡོད།
ལྷ་སའི་བར་སྐོར་གནའ་གྲོང་དུ་མི་ཚོགས་ཀྱིས་ཁེངས་ཤིང་། དེར་གནས་པའི་ཆོས་ཟུར་སྒོ་རའི་ནང་རྒྱ་རིགས་དང་། བོད་རིགས། ཧུད་རིགས་སོགས་མི་རིགས་ཁག་གི་མང་ཚོགས་ཚོས་མཉམ་དུ་འཚོ་བ་སྐྱེལ་བཞིན་ཡོད། ལུགས་རྙིང་ལོའི་དཔྱིད་གསར་དུས་ཆེན་ལ་ཆུ་མོག་སྐྱེལ་བ་དང་བོད་ཀྱི་ལོ་གསར་སྐབས་ནས་ཆང་བསྐྱལ་ནས། ཚང་མ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་བསྒྲིལ་ནས་ཡོད།
“ཚང་མས་ཕན་ཚུན་ལྟ་སྐྱོང་བྱས་ཏེ་མཉམ་དུ་མཛེས་སྡུག་ལྡན་པའི་འཚོ་བ་སྲུང་བཞིན་ཡོད”ཅེས་བར་སྐོར་སྡེ་ཁུལ་གྱི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་ཀྱིས་བརྗོད།
མིག་སྔའི་བར། བོད་ཀྱི་གྲོང་ཁྱེར(ས་ཁུལ)7ཚང་མ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར(ས་ཁུལ)དུ་འཛུགས་གཏོད་བྱས་ཟིན་པ་དང་། རྫོང(ཆུས་དང་གྲོང་ཁྱེར)38རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང(ཆུས་དང་གྲོང་ཁྱེར)དུ་འཛུགས་གཏོད་བྱས་ལ། ཚན་པ་69རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཚན་པའི་མིང་ཐོབ་པ་མ་ཟད། མཉམ་སྡེབ་154དང་མི་204ལ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་གི་མཚན་སྙན་ཐོབ་ཡོད་པ་རེད།
(བསྟན་བློ་དང་ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)