འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། ཕྱི་འབྲེལ་པུས“ཕུལ་བྱུང་ཕྱི་འབྲེལ་ཕོ་ཉའི་གཟེངས་རྟགས”སྤྲོད་པའི་མཛད་སྒོ་སྐབས་དང་པོ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་མཛད་སྒོར་ཞུགས་ནས་ཤིས་ཚིག་གསུངས་པ་རེད།
ཝང་དབྱི་ཡིས་གསུངས་དོན། གཞུང་ཚབ་ནི་རྒྱལ་ཁབ་དང་རྒྱལ་ཁབ་དབར་མཛའ་མཐུན་འགྲོ་འོང་གི་འབྲེལ་ཟམ་ལྟ་བུ་རེད། ཕུལ་བྱུང་ཕོ་ཉ་ཚོ་ནི་ཀྲུང་གོ་ཤེས་རྟོགས་དང་ཀྲུང་གོའི་མཛའ་མཐུན་གྱི་གྲོགས་པོ་བཟང་པོ་དང་། ཕྱོགས་གཉིས་པོའི་འབྲེལ་བ་འཛུགས་མཁན། ཀྲུང་གོ་ཤེས་རྟོགས་ཐུབ་པའི་སྔོན་སྐྱོད་པ། དམངས་སེམས་གཅིག་མཐུན་གྱི་སྣེ་ཁྲིད་པ། གཉིས་ཁེ་གཉིས་ཕན་གྱི་ལག་བསྟར་བ་བཅས་རེད། ཀྲུང་གོའི་ཕྱི་འབྲེལ་པུས“ཕུལ་བྱུང་ཕྱི་འབྲེལ་ཕོ་ཉའི་གཟེངས་རྟགས”ཆེད་མངགས་བཙུགས་ནས། ཀྲུང་གོ་དང་ཕྱི་རྒྱལ་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གལ་ཆེན་འབུལ་མཁན་གྱི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ལ་གཟེངས་བསྟོད་བྱེད་ཀྱི་ཡོད།
ཝང་དབྱི་ཡིས་ཀྲུང་གོར་བཅའ་སྡོད་ཨུ་རུ་སུའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཅེ་ཉི་སུའོ་ཧྥུའུ་དང་། ཀྲུང་གོར་བཅའ་སྡོད་ཁམ་ཕུ་ཁྲེའི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཤིས་སུའོ་ཏ། ཀྲུང་གོར་བཅའ་སྡོད་ཕ་ཁི་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ཧ་ཧྲི་སྨི། ཀྲུང་གོར་བཅའ་སྡོད་ཧ་སག་སི་ཐན་གྱི་གཞུང་ཚབ་ཆེ་མོ་བ་ནུའུ་ལེ་ཧྲེ་ཧྥུའུ། ཀྲུང་གོར་བཅའ་སྡོད་སོ་ཏི་ཨ་རབ་ཀྱི་གཞུང་ཚབ་ཆེ་མོ་བ་ཧ་ལེ་པི། ཀྲུང་གོར་བཅའ་སྡོད་ཆ་ཏེ་ཡི་གཞུང་ཚབ་ཆེ་མོ་བ་ཟུར་པ་ཧ་ལི་ནཱ། ཀྲུང་གོར་བཅའ་སྡོད་ཁོ་ལོམ་པི་ཡའི་གཞུང་ཚབ་ཆེ་མོ་བ་ཁ་ཧྥུའུ་ལེ་ལཱ། ཀྲུང་གོར་བཅའ་སྡོད་ཝུ་ར་ཀུའེ་ཡི་གཞུང་ཚབ་ཆེ་མོ་བ་ཟུར་པ་ལུའུ་ཀེ་ལི་སེ་བཅས་བྱ་དགའ་ཐོབ་མཁན་ནམ་འཐུས་མི་8ལ“ཕུལ་བྱུང་ཕྱི་འབྲེལ་ཕོ་ཉའི་གཟེངས་རྟགས”སྤྲད་གནང་བ་རེད།
བྱ་དགའ་ཐོབ་པའི་གཞུང་ཚབ་ཀྱིས་ཀྲུང་གོ་ཕྱོགས་ནས་གཟེངས་རྟགས་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ནི་གཞུང་ཚབ་མི་སྒེར་ལ་ཁས་ལེན་གནང་བ་ཞིག་ཡིན་ལ། ཆུ་ཚད་མཐོ་བའི་ཕྱོགས་གཉིས་པོའི་འབྲེལ་བར་ཁས་ལེན་གནང་བ་ཞིག་དེ་བས་ཀྱང་རེད། དེ་ལས་ཀྲུང་གོའི་ཕྱི་འབྲེལ་གྱིས་ཕན་ཚུན་བརྩི་འཇོག་དང་། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ། གཞུང་དྲང་ཞིང་འགན་འཁུར་བ། མཉམ་ལས་གཉིས་ཕན་བཅས་ཀྱི་སྙིང་སྟོབས་མཚོན་གྱི་ཡོད། ང་ཚོས་གཟི་བརྗིད་མཚན་སྙན་དེར་གཅེས་འཛིན་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བར་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་མདུན་ལམ་གཏོད་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
ཀྲུང་གོར་བཅའ་སྡོད་རྒྱལ་ཁབ་ཁག་གི་གཞུང་ཚབ་དང་། ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་ཚབ། དེ་བཞིན་ཀྲུང་གོ་ཕྱོགས་ཀྱི་འཐུས་ཚབ་300ཙམ་ཚོགས་འདུར་ཞུགས་པ་རེད། (བསྟན་བློས་བསྒྱུར། ཕུར་སྒྲོན་དང་བསྟན་བློས་ཞུས)