《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月21日

འདི་ལོ་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་གྲོང་ཁྱེར་ལ་ཕྱོཌ་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་ཡིན་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ནས་ཤེས་རྟོགས་བྱུང་བར། འདི་ལོ་ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་དང་རྫོང་རིམ་པའི་གྲོང་ཁྱེར་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་སྟེ། སྡོད་ཁང་དང་། ཁུལ་ཆུང་། ཁྲོམ་གཞུང་། གྲོང་ཁུལ་བཅས་ཁག་4ཚང་མར་བརྟག་དཔྱད་བྱེད་པའི་ལས་དོན་མགྱོགས་པོ་སྤེལ་རྒྱུ་ཡིན་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། གྲོང་ཁྱེར་ལ་བརྟག་དཔྱད་བྱེད་པ་ནི་གྲོང་ཁྱེར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དམིགས་ཡུལ་དུ་བཟུང་ནས་དམིགས་ཚད་ཀྱི་མ་ལག་འཛུགས་པ་དང་། བསྡོམས་རྩིས་དང་གཞི་གྲངས་ཆེ་མོར་བརྟེན་ནས་དབྱེ་ཞིབ་དང་སྤྱི་ཚོགས་ལ་བརྟག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གྲོང་ཁྱེར་གྱི་འབྲེལ་ཡོད་ཆ་འཕྲིན་འཚོལ་བསྡུ་དང་། མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་འཚོལ་བ། གྲོང་ཁྱེར་གྱི་སྡོད་མལ་ཁོར་ཡུག་གི་སྤུས་ཚད་དང་། གྲོང་ཁྱེར་གྱི་འཆར་འགོད་དང་། འཛུགས་སྐྲུན། དོ་དམ་བཅས་ཀྱི་ལས་ཀའི་ཕན་འབྲས་སོགས་ལ་དུས་བཀག་ལྟར་དབྱེ་ཞིབ་དང་། དཔྱད་དཔོག ལྟ་ཞིབ་ཚད་ལེན། བརྡ་ལན་སློག་པ་བཅས་བྱས་ཏེ། གྲོང་ཁྱེར་གྱི་འཛུགས་སྐྲུན་དང་འཕེལ་རྒྱས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་བྱེད་པ་དང་། གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བར་སྐུལ་སྤེལ་གཏོང་བའི་བྱེད་སྒོ་ཞིག་རེད།

སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས། ས་གནས་ཁག་གིས་གྲོང་ཁྱེར་ལ་བརྟག་དཔྱད་བྱེད་པ་དང་གྲོང་ཁྱེར་གསར་སྒྱུར་གཞི་གཅིག་ཅན་གྱིས་སྐུལ་འདེད་གཏོང་བ་དང་། སྔོན་ལ་བརྟག་དཔྱད་དང་རྗེས་སུ་གསར་སྒྱུར་བྱེད་པ་དང་བརྟག་དཔྱད་མ་བྱས་ན་གསར་སྒྱུར་མི་བྱེད་པ་མཐའ་འཁྱོངས་བྱས་ཏེ། གྲོང་ཁྱེར་ལ་བརྟག་དཔྱད་བྱས་པའི་འབྲས་བུ་བཀོལ་སྤྱོད་དང་གྲོང་ཁྱེར་གསར་སྒྱུར་གྱི་འཆར་འགོད་ལག་ལེན་བསྟར་བའི་མ་ལག་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྦྲགས། གྲོང་ཁྱེར་གསར་སྒྱུར་གྱི་ལས་འགན་གཙོ་བོ་དང་ཟུང་འབྲེལ་གྱིས་ཡུལ་བབ་དང་བསྟུན་ནས་ཆེད་དོན་བརྟག་དཔྱད་བྱས་ཏེ་གནད་དོན་ཤེས་རྟོགས་དང་། གནད་དོན་ཐག་གཅོད། ཕན་འབྲས་ལ་དཔྱད་དཔོག ཕན་འབྲས་སྲ་བརྟན་དང་མཐོར་གཏོང་བཅས་ཀྱི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཤད་པ་རེད། (བསྟན་འཛིན་གྱིས་བསྒྱུར། དབང་སྒྲོན་སྐྱིད་ཀྱིས་ཞུས)