ཉེ་ཆར། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་8ཀྱིས་མཉམ་དུ《བྱིས་པའི་སྨན་སྤྱོད་མཁོ་སྤྲོད་འགན་ལེན་ལམ་སྲོལ་སྒྱུར་བཅོས་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་ནས་བྱིས་པའི་སྨན་སྤྱོད་མ་གནས་མཐོ་བ་དང་། ཁྲོམ་རའི་གཞི་ཁྱོན་ཆུང་བ། སྨན་སྣ་ཉུང་བ་སོགས་ཀྱི་དཀའ་གནད་ལ་དམིགས་ཏེ། ཞིབ་འཇུག་གསར་སྤེལ་གྱི་འབྱུང་རྩ་ནས་ནད་ཐོག་སྨན་བཅོས་བར་དང་། ཐོན་སྐྱེད་མཁོ་སྤྲོད་ནས་གཏོང་སྤྲོད་འགན་ལེན་བར་བྱིས་པའི་ཚན་ཁག་གི་སྨན་མཁོ་འདོན་དང་སྨན་སྤྱོད་ནུས་པ་ཆེ་རུ་གཏོང་བ་དང་བྱིས་པའི་སྨན་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་རྒྱུ་ཡིན་པ་རེད།
བྱིས་པའི་ནད་ཡམས་འགོག་བཅོས་ཀྱི་སྨན་སྤྱོད་དགོས་མཁོ་དེ་བས་ལེགས་པར་བསྐངས་ཏེ་བྱིས་པའི་བདེ་ཐང་འགན་ལེན་ཇི་ལྟར་བྱེད་དགོས་སམ། གསར་འགོད་པས་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་རྫས་སྲིད་ཇུས་དང་གཞི་རྩའི་སྨན་རྫས་ལམ་ལུགས་སིའི་འགན་འཁུར་བ་དང་དེ་བཞིན་རིགས་གཅིག་མཁས་ཅན་ཁག་གཅིག་ལ་བཅར་འདྲི་བྱས་པ་ཡིན།
བྱིས་པའི་ནད་གཞི་ཚབས་ཆེན་དང་སྨན་སྤྱོད་ཀྱི་ཁུར་པོར་དམིགས་ཏེ་གསར་གཏོད་ཞིབ་སྤེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་དགོས།
བྱིས་པ་ནི་དར་མ་དང་མི་འདྲ་བས་དབང་པོ་འཚར་སྐྱེ་དང་སྨན་རྫས་བརྗེ་ཚབ་ལ་དམིགས་བསལ་རང་བཞིན་ལྡན་རྐྱེན་སྨན་རྫས་ཀྱི་སྣ་ཁ་དང་སྨན་སྦྱོར་བྱེད་ཚད་སོགས་ལ་ནད་ཐོག་ཉམས་མྱོང་དང་སྨན་རྫས་རིག་པའི་རེ་བ་དེ་བས་ནན་པ་ཡོད།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་རྫས་སྲིད་ཇུས་དང་གཞི་རྩའི་སྨན་རྫས་ལམ་ལུགས་སིའི་འགན་འཁུར་བས། བྱིས་པའི་སྨན་སྤྱོད་ཐད་ཐག་གཅོད་བྱེད་དགོས་ངེས་ཀྱི་གནད་དོན་ཁག་གཅིག་ཡོད་པ་སྟེ། བྱིས་པར་འཚམ་པའི་སྨན་རྫས་ཀྱི་སྣ་ཁ་དང་ཚད་གཞི་མི་འདང་བ་དང་གྲུབ་ཆ་དོ་སྙོམས་མེད་པ་དང་། ཁྲོམ་རར་ཡོད་པའི་སྨན་རྫས་ཀྱི་གསལ་བཤད་ཡི་གེའི་ནང་བྱིས་པའི་སྨན་སྤྱོད་ཆ་འཕྲིན་ཉུང་བ་དང་ཚད་ལྡན་མེད་པ། ཁེ་ལས་ཀྱིས་བྱིས་པའི་སྨན་བཟོ་བའི་ཧུར་སེམས་ཆེན་པོ་མེད་པ། ནད་ཐོག་སྨན་བཅོས་ཐད་དགོས་མཁོ་ཆེ་ཡང་སྨན་སྤྱོད་ཚད་ཅུང་ཉུང་བའི་བྱིས་པའི་སྨན་སྤྱོད་འགན་ལེན་ཐུབ་ཀྱི་མེད་ཅེས་བརྗོད་པ་རེད།
བྱིས་པར་སྨན་ཡག་པོ་སྤྱོད་ཐུབ་ཆེད། བསམ་འཆར་ནང“གསར་གཏོད་ཞིབ་སྤེལ་ལ་རྒྱབ་སྐྱོར་ཧུར་ཐག་བྱེད་པ་དང་ལྕག་སྐུལ་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་རྒྱུ”དེ་ཨང་དང་པོར་བཞག་པ་དང་དེའི་ནང་བྱིས་པའི་སྨན་སྤྱོད་ཀྱི་ནད་ཐོག་ཞིབ་སྤེལ་བྱེད་སྟངས་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། སྨན་རྫས་གསལ་བཤད་ཡི་གེའི་བྱིས་པའི་སྨན་སྤྱོད་ཆ་འཕྲིན་ཚད་ལྡན་དུ་གཏོང་རྒྱུ། བྱིས་པའི་ཀྲུང་ལུགས་གསོ་རིག་སྨན་རྫས་ཞིབ་སྤེལ་ལམ་སྲོལ་གསར་གཏོད་བྱ་རྒྱུ་སོགས་ཚུད་ཡོད་པ་རེད། འདིས་བྱིས་པའི་སྨན་སྤྱོད་ཞིབ་འཇུག་གསར་སྤེལ་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།
བསམ་འཆར་ནང་བྱིས་པའི་ནད་གཞི་ཚབས་ཆེན་དང་སྨན་སྤྱོད་ཁུར་པོར་དམིགས་ནས་སྨན་རྫས་ཞིབ་འཇུག་གསར་སྤེལ་གྱི་རྒྱལ་ཁབ་ཚན་རྩལ་ཆེད་དོན་རྣམ་གྲངས་གལ་ཆེན་གྱིས་བྱིས་པར་ཐོན་མང་བའི་ནད་རིགས་ཀྱི་སྨན་སྣ་གསར་གཏོད་དང་། འབྲེལ་མང་རིམས་འགོག་སྨན་ཁབ། བྱིས་པར་སྤྱོད་འཚམ་པའི་སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་པ་བཅས་ལ་རྒྱབ་སྐྱོར་བྱེད་པ་དང་བྱིས་པའི་མཐོང་དཀོན་པའི་ནད་དང་དེ་བཞིན་བྱིས་པའི་ནད་གཞི་ཚབས་ཆེན་འགོག་བཅོས་ཞིབ་འཇུག་ལ་ལྕག་སྐུལ་བྱས་ནས། ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་སྐོང་བ་དང་སྨན་སྤྱོད་པའི་སྟོང་ཆ་གསབ་དགོས་ལུགས་བཏོན་ཡོད་པ་རེད།
བྱིས་པའི་རྒྱུན་སྤྱོད་སྨན་རྫས་མཁོ་སྤྲོད་འགན་ལེན་ལ་ཤུགས་སྣོན་རྒྱག་དགོས།
སྨན་རྫས་མཁོ་སྤྲོད་འགན་ལེན་བྱ་རྒྱུ་ནི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་རེད། བསམ་འཆར་ནང་བྱིས་པའི་ལུས་ཁམས་དང་ནད་གཞིའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལ་གཞིགས་ཏེ“ཐོན་སྐྱེད་མཁོ་སྤྲོད་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས”ཞེས་བྱིས་པའི་སྨན་སྤྱོད་ཁྱབ་ཁོངས་ཀྱི་གཏིང་ཟབ་པ་དང་གྲུབ་ཆའི་རང་བཞིན་གྱི་དཀའ་གནད་སེལ་དགོས་ལུགས་བཏོན་ཡོད།
བྱིས་པའི་སྨན་སྤྱོད་ཐད་ཞིབ་འཇུག་གསར་སྤེལ་བྱེད་པའི་ཁེ་ལས་ཀྱི་ཧུར་བརྩོན་རང་བཞིན་ཆེན་པོ་མེད་པ་དེ་མ་འཇོག་བྱེད་མང་ཡང་ཡོང་འབབ་ཉུང་བ་དང་ཁྲོམ་རར་བྲིན་ཁ་རྒྱུག་པོ་དེ་ཙམ་མེད་པ་དང་འབྲེལ་བ་ཡོད་པ་རེད། བསམ་འཆར་ནང་གཏན་འབེབས་དང་མཐུན་པའི་བྱིས་པའི་སྨན་སྤྱོད་ཀྱི་འབྲེལ་ཡོད་ཁེ་བེད་བདག་ཐོབ་ལ་དུས་བཀག་ལྟར་ཁ་གསབ་བྱ་རྒྱུ་དང་། བྱིས་པའི་སྨན་སྣ་གསར་པ་དང་སྨན་སྦྱོར་བྱེད་ཚད་དམ་ཡང་ན་ཚད་གཞི་གསར་པའི་བྱིས་པའི་སྨན་སྤྱོད་པ་དང་བྱིས་པའི་ནད་གཞི་དང་འཚམ་པའི་སྨན་རྫས་མང་དུ་གཏོང་བ་མ་ཟད། ཆ་རྐྱེན་དང་མཐུན་པའི་སྨན་རྫས་ལོ་2ལས་མི་བརྒལ་བའི་ཁྲོམ་རའི་སྒེར་བཟུང་དུས་ཚོད་སྤྲོད་རྒྱུ་ཡིན་པ་བཏོན་ཡོད། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་བྱེད་ཕོད་པ་དང་ཐོན་སྐྱེད་བྱེད་འདོད་ཚེ་ནད་ཐོག་སྨན་བཅོས་ཀྱི་གདམ་ག་དེ་བས་ཕུན་སུམ་ཚོགས་སུ་ཕྱིན་ནས་བྱིས་པའི་སྨན་སྤྱོད་དེ་བས་བདེ་འཇགས་ཡོང་ཐུབ།
རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སྨན་རྫས་སྲིད་ཇུས་དང་གཞི་རྩའི་སྨན་རྫས་ལམ་ལུགས་སིའི་འགན་འཁུར་བས། སྡེ་ཚན་ལས་བརྒལ་ནས་ཆ་འཕྲིན་མཉམ་སྤྱོད་དང་། མཐུན་སྦྱོར་གྲོས་མོལ། མཐུན་སྦྱོར་གསར་གཏོད་བཅས་ཀྱི་ལམ་སྲོལ་བཙུགས་ཏེ། བྱིས་པའི་སྨན་སྤྱོད་ཞིབ་སྤེལ་དང་། ཐོ་འགོད། ཐོན་སྐྱེད། བེད་སྤྱོད། འགྲོ་སོང་རྩིས་ཞུ་སོགས་ཀྱི་འཁོར་འབྲེལ་ཧྲིལ་པོའི་སྲིད་ཇུས་སྦྲེལ་མཐུད་དང་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས། གནད་གཅིག་གིས་ཁྱོན་ཡོངས་ཁྲིད་དེ་ལས་རིགས་ཀྱི་གཙོ་གནད་དང་དཀའ་གནད་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
བྱིས་པའི་ཁྱིམ་བདག་ཁག་གཅིག་གིས་དུས་ཚིགས་རང་བཞིན་གྱི་འགོ་ནད་ཐོན་མང་བའི་རིང་སྨན་ཉོ་དཀའ་བའི་གནད་དོན་བརྗོད་ཡོད། བསམ་འཆར་ནང་། ཀྲུང་དབྱང་དང་ས་གནས་རིམ་པ་གཉིས་ཀྱིས་གསོག་འཇོག་བྱས་པའི་བྱིས་པའི་སྨན་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ་དང་བྱིས་པའི་སྨན་སྤྱོད་ཐོན་སྐྱེད་ལྟ་ཞིབ་ཚད་ལེན་དང་དེ་བཞིན་བྱིས་པའི་སྨན་སྤྱོད་ཆེད་སྤྱོད་རྒྱུ་ཆ་སོགས་རྒྱུ་རྐྱེན་གཙོ་བོའི་འགན་ལེན་ལ་ཤུགས་སྣོན་བརྒྱབ་ནས། བྱིས་པའི་སྨན་སྤྱོད་མཁོ་སྤྲོད་འགན་ལེན་ནུས་པ་ཆེ་རུ་གཏོང་དགོས། བྱིས་པའི་སྨན་སྤྱོད་འཁོར་འབྲེལ་གྱི་མཉེན་ཆ་ཇེ་ལེགས་སུ་གཏོང་བ་དང་། བྱིས་པའི་སྨན་སྤྱོད་མཁོ་འདོན་འགན་སྲུང་གི་མཐའ་ཚད་བརྟན་དུ་གཏོང་དགོས་པ་བཏོན་ཡོད།
སྨན་སྤྱོད་སྟངས་དང་སྤྱོད་ཚད་ལ་ཞིབ་འཇུག་དང་སྨན་སྦྱོར་ལེགས་བཅོས་གཏིང་ཟབ་བྱས་ཏེ། “བྱིས་པར་བབ་བསྟུན་འཕྲི་འཐེན་བྱེད་དགོས”ཞེས་པའི་གསལ་བཤད་ཉུང་ཙམ་བྱེད་དགོས།
“སྨན་ཚོད་དཔག་བྱས་ནས་སྟེར་དགོས་པ”དེ་ཁྱིམ་བདག་དང་བྱིས་པའི་ཚན་ཁག་གི་སྨན་པ་མི་ཉུང་བ་ཞིག་ལ་འཕྲད་པའི་དཀའ་གནད་ཅིག་རེད། བསམ་འཆར་ནང་། བྱིས་པའི་རྒྱུན་མཐོང་གི་ནད་དང་ནད་གཞི་ཚབས་ཆེན་ཐད་ཀྱི་སྨན་སྤྱོད་ལ་དམིགས་ནས་ཞིབ་སྤེལ་དང་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་བྱིས་པས་སྨན་སྤྱོད་པའི་སྣ་ཁ་དང་། སྨན་སྦྱོར། ཚད་གཞི་བཅས་ནུས་ལྡན་ངང་ཕུན་སུམ་ཚོགས་སུ་གཏོང་རྒྱུ་དང་། སྨན་སྤྱོད་སྟངས་དང་སྤྱོད་ཚད་ལ་ཞིབ་འཇུག་དང་སྨན་སྦྱོར་ལེགས་བཅོས་གཏིང་ཟབ་བྱས་ཏེ“བྱིས་པར་བབ་བསྟུན་འཕྲི་འཐེན་བྱེད་དགོས”ཞེས་པའི་གསལ་བཤད་ཉུང་ཙམ་བྱས་ནས་བྱིས་པར་སྨན་ཡག་པོ་སྤྱོད་ཐུབ་པར་བྱེད་དགོས་ལུགས་བཏོན་ཡོད།
སྨན་རྫས་ཁག་གཅིག་གི་གསལ་བཤད་ཡི་གེའི་ནང་བྱིས་པའི་སྨན་སྤྱོད་ཆ་འཕྲིན་ཧ་ཅང་ཉུང་བས་བསམ་འཆར་ནང་། ཆ་རྐྱེན་འཛོམས་པའི་བྱིས་ནད་ཚན་ཁག་གི་འབྲེལ་ཡོད་སྨན་བཅོས་སྒྲིག་གཞི་དང་ལས་རིགས(མཐུན་ཚོགས)སློབ་ཚོགས་ཀྱིས་ཁྲོམ་རར་བཏོན་པའི་རྫས་འགྱུར་སྨན་རྫས་དང་དེ་བཞིན་སྨན་བཅོས་ཐད་སྤྱོད་པའི་སྐྱེ་དངོས་ལས་གྲུབ་པའི་སྨན་རྫས(ཕྲ་ཕུང་གཞི་རྒྱུའི་སྨན་བཅོས་ཐོན་རྫས་དང་ཁྲག་བཟོས་ཐོན་རྫས་ཕུད)ཀྱི་གསལ་བཤད་ཡི་གེར་གཏན་འབེབས་གཞིར་བཟུང་བྱིས་པའི་ནད་དང་འཚམ་པའི་སྤྱོད་སྟངས་དང་སྤྱོད་ཚད་སོགས་ཀྱི་ཆ་འཕྲིན་གལ་ཆེན་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་པ་ལ་སོགས། སླད་ཕྱིན་སྨན་རྫས་དེ་བས་མང་བར“བྱིས་པའི་པར་གཞིའི”གསལ་བཤད་ཡི་གེ་ཡོད་པ་དང་ནད་ཐོག་སྨན་བཅོས་ཐད་གནད་སྨིན་ངང་སྤྱོད་པར་ཁྲིད་སྟོན་བྱེད་དགོས་པ་བཏོན་ཡོད།
བྱིས་པར་སྨན་སྤྱོད་པའི་བདེ་འཇགས་ནུས་ལྡན་དང་གྲོན་ཆུང་ལུགས་མཐུན་ཡོང་བར་ད་དུང་སྨན་བཅོས་ལས་ཁུངས་དང་དེ་བཞིན་སྨན་དོན་མི་སྣས་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། བསམ་འཆར་ནང་། སྨན་བཅོས་སྒྲིག་གཞིས་བྱིས་ནད་ཚན་ཁག་གི་ནད་པར་གསོ་རིག་སྒོ་བསྟེན་སྨན་ཁང་དང་ནད་སྡོད་སྨན་བཅོས་བྱེད་པར་རང་གཤིས་ཅན་གྱི་སྨན་སྤྱོད་ལྟ་སྲུང་སོགས་ཀྱི་ཞབས་ཞུ་མཁོ་འདོན་བྱ་རྒྱུར་རྒྱབ་སྐྱོར་དང་། རིམ་གསུམ་སྨན་ཁང་གི་སྨན་པ་གཞི་རིམ་དུ་བསྐྱོད་རྒྱུར་སྐུལ་ལྕག་བྱེད་པ་དང་གཞི་རིམ་གྱིས་སྨན་བཅོས་བྱེད་བཞིན་པའི་བྱིས་པར་རྒྱུན་མཐུད་དང་ཚད་ལྡན་གྱི་སྨན་སྤྱོད་ཞབས་ཞུ་མཁོ་འདོན་བྱེད་པར་ཁྲིད་སྟོན་དང་། བྱིས་པའི་སྨན་སྤྱོད་ཐད་དྲིལ་བསྒྲགས་སློབ་གསོ་དང་ཚན་རིག་ཁྱབ་སྤེལ་བཅས་ལ་ཤུགས་སྣོན་རྒྱག་དགོས། བྱེད་ཐབས་དེས་བྱིས་པའི་སྨན་སྤྱོད་ཀྱི་ཚད་ལྡན་རང་བཞིན་དང་གོ་ཆོད་རང་བཞིན་ཆེ་རུ་ནུས་ལྡན་བཏང་ནས་བྱིས་པའི་སྨན་སྤྱོད་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་བར་ནུས་པ་ཆེན་པོ་ཐོན་སྲིད། (བསོད་བདེ་གཞོན་པ་དང་པ་ཕན་གྱིས་སྒྱུར་ཞུས་བྱས)