《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月21日

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་གྲངས་གཞི་ལས་མངོན་པར།

ཟླ་བ་བཞི་པར་རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་རའི་འཁོར་རྒྱུག་སྤྱིའི་ཆ་ནས་བརྟན་པོ་ཡོད་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱིས་ཟླ་བ་བཞི་པའི་དངུལ་ཁང་གི་ཕྱི་དངུལ་འཛའ་བཅད་ཚོང་སྒྱུར་དང་དངུལ་ཁང་གིས་སྐུ་མགྲོན་གྱི་ཚབ་བྱས་པའི་ཕྱི་འབྲེལ་གྱི་དངུལ་སྤྲོད་ལེན་གྱི་གྲངས་གཞི་ཁྱབ་བསྒྲགས་བྱས་པ་རེད། ཟླ་བ་བཞི་པར་དངུལ་ཁང་གིས་ཕྱི་དངུལ་རྩིས་རྒྱག་བྱས་པ་ཨ་སྒོར་དུང་ཕྱུར་2573དང་ཕྱི་དངུལ་ཚོང་སྒྱུར་བྱས་པ་ཨ་སྒོར་དུང་ཕྱུར་2172ཟིན་ཡོད། དངུལ་ཁང་གིས་སྐུ་མགྲོན་གྱི་ཚབ་བྱས་པའི་ཕྱི་འབྲེལ་ཡོང་འབབ་ཨ་སྒོར་དུང་ཕྱུར་8320ཟིན་པ་དང་ཕྱི་ཕྱོགས་ལ་ཨ་སྒོར་དུང་ཕྱུར་7700སྤྲད་ཡོད།

རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་དང་གསར་འགྱུར་མགྲིན་ཚབ་པ་ལི་པིན་གྱིས། ཉེ་བའི་དུས་མཚམས་ཤིག་རིང་། ས་འབྲེལ་ཆབ་སྲིད་ཀྱི་དུས་བབ་ལས་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་ཡམ་ཡོམ་བྱུང་བ་དང་། རང་རྒྱལ་གྱི་ཕྱི་དངུལ་ཁྲོམ་ར་འཁོར་སྐྱོད་སྤྱིའི་ཆ་ནས་བརྟན་པོ་ཡོད། ཕྱི་ཕྱོགས་ཀྱི་ཟང་ཟིང་གི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཟླ་བ་གསུམ་པར་རྒྱལ་སྒྲོལ་མ་དངུལ་ངེས་ཅན་ཞིག་ཕྱིར་རྒྱུག་གི་རྣམ་པ་མངོན་པ་དང་ཟླ་བ་བཞི་པར་ཕྱིར་ལོག་སླར་གསོའི་རྣམ་པ་མངོན་ཡོད། ཟླ་བ་གསུམ་པ་དང་ཟླ་བ་བཞི་པའི་གནས་ཚུལ་ཕྱོགས་བསྡུས་བྱས་ནས་བལྟས་ན། རྒྱལ་སྒྲོལ་མ་དངུལ་ཟླ་རེར་ཆ་སྙོམས་ཨ་སྒོར་དུང་ཕྱུར་149ཕྱིར་ལོག་བྱས་པ་དང་། དངུལ་ཁང་གི་ཟླ་རེའི་ཆ་སྙོམས་ཕྱི་དངུལ་རྩིས་རྒྱག་ཨ་སྒོར་དུང་ཕྱུར་280ཟིན་པ་དེ་ན་ནིང་ལོ་མཇུག་དང་འདི་ལོའི་ལོ་སྟོད་ཀྱི་དྲང་ཁྱད་ཀྱི་གཞི་ཁྱོན་ལས་དམའ་བ་ཡོད། ཕྱི་ཕྱོགས་དང་འབྲེལ་བའི་ཉོ་ཚོང་འཁྲུག་པོ་རྒྱུན་འཁྱོངས་ཐུབ་ཅིང་། ཟླ་བ་བཞི་པར་ཁེ་ལས་དང་མི་སྒེར་སོགས་དངུལ་ཁང་མིན་པའི་སྡེ་ཚན་གྱི་རྒྱལ་སྒྲོལ་གཏོང་ཡོང་ཁྱོན་བསྡོམས་ཨ་སྒོར་དུང་ཕྱུར་ཁྲི་1.6ཟིན་པ་དེ་དུས་མཚུངས་ལས་15%འཕར་ཡོད་པ་རེད། ཕྱི་དངུལ་ཁྲོམ་རའི་ཉོ་ཚོང་བྱེད་ཚད་ཨ་སྒོར་དུང་ཕྱུར་ཁྲི་3.7ཟིན་ནས་མུ་མཐུད་ཆུ་ཚད་མཐོ་ཙམ་དུ་གནས་ཡོད།

ཁེ་ལས་ཀྱི་འཛའ་ཐང་གི་ཉེན་ཁ་དོ་དམ་བྱེད་ནུས་རིམ་བཞིན་ཆེ་རུ་ཕྱིན་པ་དང་། ཕྱི་དངུལ་ཉོ་ཚོང་དེ་བས་ལུགས་མཐུན་དུ་འགྱུར་བཞིན་ཡོད། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་ཁེ་ལས་ཀྱི་ཕྱི་དངུལ་མཆེད་རྫས་ཀྱི་ཉོ་ཚོང་གཞི་ཁྱོན་དུས་མཚུངས་ལས་22%འཕར་བ་དང་ཕྱི་དངུལ་གྱི་ཉེན་ཁ་འགན་ལེན་ཐུབ་ཚད་33.6%ཟིན་པ་དེ་2025ལོ་ལས་བརྒྱ་ཆའི་གྲངས་3.7འཕར་ཡོད། ཁེ་ལས་ཀྱི་འཛའ་ཐང་གི་ཉེན་ཁ་དོ་དམ་གྱི་འདུ་ཤེས་ཟབ་ཏུ་ཕྱིན་པ་དེས་དེ་བས་ལུགས་མཐུན་གྱི་སྒོ་ནས་ཕྱི་དངུལ་ཉོ་ཚོང་ལ་སྐུལ་འདེད་གཏོང་བར་ཕན་ཐོགས་ཡོད། ཟླ་བ་བཞི་པར་ཁེ་ལས་ཀྱི་ཕྱི་དངུལ་རྩིས་རྒྱག་གི་འདུན་པ་བརྟན་པོའི་ཁྲོད་ཆག་པ་དང་ཕྱི་དངུལ་ཡོང་འབབ་རྩིས་རྒྱག་ཚད་ཟླ་བ་གོང་མ་དང་བསྡུར་ན་ཆག་ཡོད། དེ་ཐོག་ནས་ཁྲོམ་རའི་སྔོན་དཔག་གཞི་རྩའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ་མངོན་གྱི་ཡོད། (རིག་འཛིན་རྡོ་རྗེས་སྒྱུར་ཞུས་བྱས)