《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月21日

ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཚེས་18ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།

བཟོ་ལས་ཐོན་སྐྱེད་ཅུང་མགྱོགས་པོ་འཕར་བ་དང་ཞབས་ཞུའི་ལས་རིགས་བརྟན་པོའི་ངང་འཕར་ཞིང་། ཟླ་བ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་དུས་མཚུངས་ལས་5.6%འཕར་བ་དང་། སྒྲིག་ཆས་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་དུས་མཚུངས་ལས་8.7%འཕར་བ། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་འཕར་ཐང་12.6%འཕར་བ་བཅས་གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་འཕར་ཐང་ཡོངས་ལས་བརྒྱ་ཆའི་གྲངས་3.1དང་7.0སོ་སོར་འཕར་མགྱོགས་པ་དང་རྒྱལ་ཡོངས་ཀྱི་ཞབས་ཞུའི་ལས་རིགས་ཀྱི་ཐོན་སྐྱེད་སྟོན་གྲངས་དུས་མཚུངས་ལས་4.9%འཕར་ཡོད།

(པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད)

ཁྲོམ་རའི་བྲིན་ཚོང་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་གཏོང་ཚད་འཕར་སྣོན་ཅུང་མགྱོགས་པོ་བྱུང་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བྱེད་ཚད་འཕར་སྣོན་ཅུང་མགྱོགས་པོ་བྱུང་ཞིང་། ཟླ་དང་པོ་ནས་བཞི་པ་བར་སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་164941ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.9%འཕར་བ་དང་། རྒྱལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད(ཞིང་དུད་ཚུད་མེད་པ)སྒོར་དུང་ཕྱུར་141293ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.6%ཆག་ཅིང་། དེའི་ནང་ལག་རྩལ་མཐོ་བའི་ཐོན་ལས་ལ་མ་དངུལ་གཏོང་ཚད་ལོ་གོང་མའི་དུས་མཚུངས་ལས་6.1%འཕར་བ། དངོས་ཟོག་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་སྒོར་དུང་ཕྱུར་162252ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་14.9%འཕར་ཡོད།

ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་བརྟན་པོ་ཡོད་པ་དང་གྲོང་མིའི་འཛད་སྤྱོད་རིན་གོང་བརྟན་པོའི་ངང་འཕར་ཞིང་། ཟླ་དང་པོ་ནས་བཞི་པ་བར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་ཆ་སྙོམས་བྱས་ན་5.3%ཟིན་པ་དང་ཟླ་4པར་རྒྱལ་ཡོངས་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་པའི་ལས་ཀ་ཤོར་ཚད་5.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཡོད། ཟླ་1པོ་ནས་4པ་བར་རྒྱལ་ཡོངས་ཀྱི་གྲོང་མིའི་འཛད་སྤྱོད་རིན་གོང་སྟོན་གྲངས(CPI)དུས་མཚུངས་ལས་0.9%འཕར་ཏེ། རྒྱལ་ཡོངས་ཀྱི་བཟོ་ལས་ཐོན་སྐྱེད་བཟོ་གྲྭ་ནས་ཐོན་པའི་རིན་གོང་དུས་མཚུངས་ལས་0.2%འཕར་ཡོད།

“སྤྱིའི་ཆ་ནས་བལྟས་ན། ཟླ་དང་པོ་ནས་བཞི་པ་བར་རྒྱལ་དམངས་དཔལ་འབྱོར་བརྟན་ཐོག་ཡར་འཕེལ་གྱི་རྣམ་པ་རྒྱུན་འཁྱོངས་ཐུབ་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་ཐེབས་མོད། འོན་ཀྱང་ཕྱི་ཕྱོགས་ཀྱི་དུས་བབ་རྙོག་འཛིང་ཆེ་ལ་འགྱུར་ལྡོག་འགྲོ་མང་བ་དང་། རྒྱལ་ནང་དུ་འདོན་ཆེ་མཁོ་ཉུང་གི་གནས་ཚུལ་སྔར་བཞིན་མངོན་གསལ་དོད་པ། ཁེ་ལས་ཁག་གཅིག་ལ་གཉེར་སྐྱོང་གི་དཀའ་ངལ་འཕྲད་ཡོད་པས། དཔལ་འབྱོར་བརྟན་ཐོག་ལེགས་འཕེལ་གྱི་རྨང་གཞི་མུ་མཐུད་སྲ་བརྟན་དུ་གཏོང་དགོས”ཞེས་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གསར་འགྱུར་མགྲིན་ཚབ་པ་ཕུའུ་ལིང་ཧུའེ་ཡིས་ཚེས་18ཉིན་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་བཤད་པ་རེད།

(སྤེན་པ་ཚེ་རིང་གིས་སྒྱུར་ཞུས་བྱས)