《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年05月10日

ངས་མཁའ་ལམ་ནས་ཁྱེད་ལ་སྲུང་སྐྱོབ་བྱེད།

ཧོ་ཡུང་། ཨར་ཏ་ཁེ།

འདི་ནི་ཆིན་ཅན་ཤིང་གིས་བྲིས་པའི་ཀྲུང་གོའི་སྲོལ་རྒྱུན་རི་མོ《ཁུ་ནུ་རི་རྒྱུད》ཡིན་པ།

ཟླ་3པར་ས་གཞི་ཡོངས་ལ་སྐྱེ་སྟོབས་ཀྱི་དཔལ་འབར་ཞིང་། ཁ་ལ་ཁུ་ནུ་རི་རྒྱུད་ཀྱི་དབུས་རྒྱུད་དུ་སྔར་བཞིན་འཁྱགས་རོམ་གྱིས་ཁེངས། རྒྱལ་ལམ་219ནི་གཡུ་འབྲུག་སྔོན་མོ་ཞིག་དང་འདྲ་བར་མཚན་མོའི་མུན་ནག་ཁྲོད་རྒྱང་དུ་བསྲིངས།

ལམ་དེ་ནི་ཤིན་བོད་གཞུང་ལམ་སྟེ་རྒྱལ་ལམ་219ཡི་ལྟེ་བའི་ལམ་དུམ་ཡིན་པ་དང་ཆ་སྙོམས་ས་བབ་སྨི་4500ཡན་ཟིན་ཞིང་། ས་བབ་ཧ་ཅང་མཐོ་བ་དང་འགྲོ་ལམ་ཉེན་ཁ་ཤིན་ཏུ་ཆེ་བའི་ས་མཐོའི་གཞུང་ལམ་ཞིག་རེད།

ལོ་70ཡི་གོང་གི་1956ལོའི་ཟླ་བ་3པར་ཤིན་བོད་གཞུང་ལམ་དངོས་སུ་སྐྲུན་འགོ་ཚུགས། ཤིན་ཅང་ཡེ་ཁྲེང་དང་བོད་ལྗོངས་ལྷ་རྩེ་འབྲེལ་མཐུད་བྱེད་པའི“མཁའ་ལམ”དེ་ཆ་སྙོམས་ས་བབ་སྨི་4500ཡན་གྱི་དཀའ་ཚེགས་ཆེ་བའི་ཁུལ་དུ་སྐྲུན་འགོ་ཚུགས་པ་དང་དུས་ཡུན་ཟླ་བ་19ལས་མ་འགོར་བར་ལམ་ཐིག་ཧྲིལ་པོར་རླངས་འཁོར་ཤར་གཏོང་ཐུབ་ནས། མཐོ་གྲང་ས་ཁུལ་གྱི་གཞུང་ལམ་འཛུགས་སྐྲུན་ལོ་རྒྱུས་ཐོག་གི་ངོ་མཚར་བཏོད་ཡོད།

ལོ་70ཡི་རྗེས་དེ་སྔའི་བྱེ་རྡོ་ལམ་དེ་སྣུམ་ནག་ལམ་དུ་གྱུར་བ་མ་ཟད་རྒྱལ་ལམ་དུ་རྒྱ་སྐྱེད་བཏང་ཡོད། འོན་ཀྱང་འགྱུར་བ་མེད་པ་ནི་ལམ་དེ་ཐོག་མཐའ་བར་གསུམ་དུ་མཐའ་སྲུང་གི་ལམ་བུ་དང་། ཚེ་སྲོག་གི་ལམ་བུ། སྲུང་སྐྱོང་གི་ལམ་བུ་བཅས་ཡིན་པ་དེ་རེད།

དབྱིང་ཧོན་ཞའོ་དང་ཁོང་གི་ལས་རོགས་ཚོ་ནི“མཁའ་ལམ”དེའི་བློ་བརྟན་འགྱུར་མེད་ཀྱི་སྲུང་སྐྱོང་བ་ཞིག་རེད།

ལས་ཀ་དེ་བྱེད་པར་ཁེར་སྡོད་ཕོད་པ་ཞིག་དགོས།

རླངས་འཁོར་ལ་བསྡད་དེ་ཁུ་ནུ་ཕུག་ལམ་དང་པོ་དང་གཉིས་པ་བརྒྱུད་སྤྱི་ལེ་120ལྷག་ཙམ་བསྐྱོད་རྗེས་ང་ཚོ་ཤིན་བོད་གཞུང་ལམ་གྱི་ཞིབ་བཤེར་ས་ཚིགས་དང་པོ་སྟེ་ཁ་ཧྲི་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཁུའུ་ཏི་མཐའ་མཚམས་ཞིབ་བཤེར་ས་ཚིགས་སུ་འབྱོར།

དེ་གར་ནི་ཤིན་བོད་གཞུང་ལམ་གྱི་འགྲུལ་བཞུད་གལ་ཆེན་ཡིན་ཞིང་། ཉིན་ལྟར་ཉུང་ན་མི་སྟོང་ཕྲག་ཁ་ཤས་དང་མང་ན་མི་ཁྲི་ཕྲག་མང་པོ་དེ་ནས་བརྒྱུད་ཀྱི་ཡོད། མི་མང་ཤོས་སྐབས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཚོས་མི་ཐེངས་ཁྲི་1.2ལ་ཞིབ་བཤེར་བྱེད་དགོས་པས་ཞོགས་པ་ནས་མཚན་དགུང་བར་ཆུ་ཡང་འཐུང་ལོང་མེད།

མུ་མཐུད་ལྷོ་ཕྱོགས་སུ་སྤྱི་ལེ་170ལྷག་ཙམ་བསྐྱོད་རྗེས་སའེ་ཐུའུ་ལ་མཐའ་མཚམས་མངགས་གཏོང་ཁང་དུ་འབྱོར་གྱི་ཡོད། མངགས་གཏོང་ཁང་འདི་2015ལོར་བཙུགས་པ་དང་སྒྲིག་ཁོངས་སུ་ཡོད་པའི་མི་དམངས་ཉེན་རྟོག་པ་55ཡོད་པ་དེ་དག་ཞིང་ཆེན་17ནས་ཡོང་བ་དང་ཆ་སྙོམས་ལོ་ཚད་ལོ་30.5ཡིན་པ་རེད།

སུའོ་ཀྲང་ཚའོ་ཁྲེང་ནི་ཀན་སུའུ་ཆིང་དབྱང་ནས་ཡིན་པ་དང་ས་མཐོར་ལས་ཀ་བྱས་ནས་ལོ་མང་པོ་འགྲོ་གི་ཡོད། ཁོང་གིས་རྒྱབ་ཀྱི་སྒར་སར་མཛུབ་མོ་བཙུགས་ཏེ“དེར་ལས་ཀ་བྱེད་པར་ཁེར་སྡོད་ཕོད་པ་ཞིག་དགོས”ཞེས་སྒམ་བརླིང་ངང་བཤད།

དེ་གའི་ཁེར་སྡོད་ནི་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་ཀྱི་སར་མི་གཅིག་ཀྱང་མཐོང་རྒྱུ་མེད་པ་དང་། ལོ་འཁོར་མོར་མི་བཞུ་བའི་གངས་རི། མུ་མཐའ་མེད་པའི་མྱ་ངམ་ཐང་། གསོ་རླུང་འདུས་ཚད་ཐང་གཤོངས་ཀྱི་40%ཡང་ཟིན་གྱི་མེད་པས་གོམ་པ་གང་སྤོ་བར་ཡང་དཀའ་ངལ་ཆེན་པོ་ཡོད།

མི་དམངས་ཉེན་རྟོག་པ་ཚོའི་སེམས་ཀྱི་འཕྲེང་ས་ནི་ཕ་ཡུལ་དུ་ཡོད་པའི་ནང་མི་རེད། ཕ་ཡུལ་ཧོ་ཐན་དུ་ཡོད་ཀྱང་བར་ཐག་སྤྱི་ལེ་700ཙམ་ཡོད་པས་ལོ་གཅིག་ལ་ཁྱིམ་དུ་ཐེངས་གསུམ་བཞི་ལས་ལོག་ཐུབ་ཀྱི་མེད།

ཕ་ཡུལ་གྱི་འཕྲེང་སེམས་སེལ་ཆེད་མངགས་གཏོང་ཁང་གི་འཛུལ་སྒོའི་གྱང་སྟེང་དུ་མི་དམངས་ཉེན་རྟོག་པའི་ནང་མིའི་འདྲ་པར་མང་པོ་སྦྱར་ཡོད། ཉལ་ཁང་ཚང་མའི་སྒོ་བྱང་ཐོག་ཅང་སུའུ་ཡན་ཁྲེང་གི་ཁྲུང་ཁྲུང་མཚོག་དམར་དང་། ཀན་སུའུ་ཆིང་དབྱང་གི་ས་སེར་ཅོག་ཐང་། ཧྥུའུ་ཅན་ཕུའུ་ཐེན་གྱི་མ་ཙུའུ་ལྷ་ཁང་ལ་སོགས་པའི་ཕ་ཡུལ་གྱི་ས་གཤིས་མཚོན་རྟགས་སྦྱར་ཡོད།

སྐོར་གཡེང་བྱས་ནས་ཕྱིར་ལོག་ཡོང་བའི་ཚའོ་ཁྲེང་གིས་སྐབས་འགར་ཉལ་ཁང་གི་སྒོ་འགྲམ་དུ་ཡུད་ཙམ་བསྡད་དེ་ཆིང་དབྱང་གི་ས་སེར་ཅོག་ཐང་གི་པར་ལ་བྱིལ་བྱིལ་བྱས་རྗེས་སྒོ་ཕྱེ་སྟེ་ནང་དུ་འཛུལ་གྱི་ཡོད།

མི་དམངས་ཉེན་རྟོག་པ་ལི་དབྱིན་ཅེ་ནི་ཧོ་པེ་ཞིན་ཐའེ་ནས་ཡིན་པ་དང་1995ལོར་སྐྱེས། 2017ལོའི་ཟླ་10པར་དམག་དཔུང་ནང་ཞུགས་མ་ཐག་པའི་ཁོང་གིས་རང་འགུལ་ངང་སའེ་ཐུའུ་ལར་འགྲོ་རྒྱུའི་རེ་ཞུ་ཕུལ།

ཐང་ཆད་དེ་འགྲོ་མི་ཐུབ་པའི་སྐབས་སུ་ལི་དབྱིན་ཅེ་ཡིས་མགོ་བཀྱགས་ནས་ཐག་རིང་གི་གངས་རིར་བལྟས་ཏེ་རང་ཉིད་ཀྱིས་གནས་འདི་བརྟན་སྲུང་བྱེད་དོན་བསམ་བློ་གཏོང་རིམ་བཞིན་མུ་མཐུད་མདུན་སྐྱོད་བྱེད་པའི་སྒུལ་ཤུགས་འཕེལ་གྱི་ཡོད།

འཆི་གསོན་གྱི་རོགས་སྐྱོབ་ནས་དྲོ་སྐྱིད་ལྡན་པའི་སྐད་ཅིག་བར།

2025ལོའི་ཟླ་12པར་ཁང་སའེ་ཏ་པན་དུ་གངས་ཆེན་པོ་བབས་ཤིང་། དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་30ཡི་མཚན་གུང་དུ་གངས་རླུང་འུར་འུར་དུ་ལྡང་སྐབས་གདོང་ལ་མདའ་མོ་ཕོག་པ་ལྟར་ན་ཟུག་ཆེན་པོ་གཏོང་གི་ཡོད།

ལི་དབྱིན་ཅེ་ཉལ་ནས་ཡུན་རིང་མ་སོང་བར་ལས་རེས་ཁང་དུ་ཁ་པར་སླེབས་པའི་སྒྲ་བར་མེད་དུ་གྲགས།

“བློ་མཐུན་ཉེན་རྟོག་པ་ལགས། ང་ཚོ་སྐྱོབ་རོགས་གནང་། ང་ཚོར་འགྲིམ་འགྲུལ་གྱི་ལས་འཛོལ་ཐོན་ཏེ་མི་གཉིས་རླངས་འཁོར་ནང་ལུས་ནས་འཁྱགས་ཤི་ཐེབས་ཉེན་འདུག”ཅེས་ཁ་པར་ནས་འདར་སྐད་དང་བཅས་གྲགས།

ལི་དབྱིན་ཅེ་བྲེལ་འཚུབ་ངང་ལངས་ནས་ལས་རོགས་གཉིས་འབོད་དེ་ཉེན་རྟོག་རླངས་འཁོར་བཏང་ནས་མཚན་གུང་དེ་རང་ལ་རོགས་སྐྱོབ་ལ་བསྐྱོད།

སའེ་ཐུའུ་ལ་མཐའ་མཚམས་མངགས་གཏོང་ཁང་ནས་ཁང་སའེ་ཏ་པན་བར་དུས་རྒྱུན་ཆུ་ཚོད་གཅིག་ལས་འགོར་གྱི་མེད་ཀྱང་དེ་དགོང་ཆུ་ཚོད་གཉིས་ཙམ་འགོར། རི་བོ་གངས་ཀྱིས་བཀླུབས་ཡོད་ལ་ལམ་ངོས་ཀྱང་མཐོང་རྒྱུ་མེད་པས་དྲན་ཤེས་ཁོ་ནར་བརྟེན་ནས་མདུན་སྐྱོད་བྱ་རྒྱུ་ལས་མ་འདས། ཏ་པན་གྱི་གཤམ་དུ་འབྱོར་དུས་གངས་པུས་མོ་ཙམ་བར་བབས་ཡོད་པས། རླངས་འཁོར་དེ་བས་འགྲོ་སྐྱོད་དཀའ་བར་གྱུར།

“རླངས་འཁོར་ནས་བབས་ཏེ་འགྲོ”ཞེས་ཁོང་གསུམ་པོས་གངས་ཁྲོད་དུ་དཀའ་ཚེགས་ཆེན་པོས་རྐང་ཐང་མར་བསྐྱོད།

ཕལ་ཆེར་སྤྱི་ལེ་གསུམ་ཙམ་སོང་རྗེས་གཞི་ནས་འགྲིམ་འགྲུལ་ལས་འཛོལ་ཐོན་པའི་རླངས་འཁོར་དེ་རྙེད། བྱེས་བགྲོད་རླངས་འཁོར་ཞིག་ལམ་འོག་ཏུ་ཟགས་ཡོད་པ་མ་ཟད། ཕྱེད་ཀ་གངས་ཀྱི་དཀྱིལ་དུ་དིམ་ཡོད།

ཁོང་ཚོས་རླངས་འཁོར་གྱི་སྒོ་ཕྱེ་སྐབས་མི་གཉིས་རྒྱབ་ཀྱི་རྐུབ་སྟེགས་ཐོག་འཁྱགས་ཏེ་འདར་སིག་སིག་བྱེད་པ་དང་། མཆུ་ཏོ་སྨུག་པོར་གྱུར་ཏེ་རིག་པའང་གསལ་པོ་མེད་པར་གྱུར་ཡོད།

ཆུ་ཚོད་5ཙམ་སོང་རྗེས་ཁོང་ཚོས་མི་གཉིས་པོ་གཞི་ནས་ལས་འཛོལ་ཐོན་སའི་ཏ་པན་ནས་མྱུར་སྐྱོབ་རླངས་འཁོར་ནང་བསྐྱལ།

“མཁའ་ལམ”ཐོག་གི་སྲུང་སྐྱོབ་ནི་མི་རྣམས་ཧང་སངས་དགོས་པའི་ཤི་གསོན་གྱི་རོགས་སྐྱོབ་ཁོ་ན་མིན་པར་ད་དུང་རྒྱུན་གཏན་འཚོ་བའི་ཁྲོད་སྦྱིན་པའི་དྲོ་སྐྱིད་ཀྱང་ཡོད།

2025ལོའི་ཟླ་7པར། སའེ་ཐུའུ་ལ་མཐའ་མཚམས་མངགས་གཏོང་ཁང་ལ་ཉེན་བརྡ་ཞིག་འབྱོར་ནས་ཉ་འདྲེན་ཟོག་འཁོར་ཞིག་ལ་མེ་ཤོར་འདུག་ཅེས་བརྗོད། མ་གཞི་མེ་བསད་ཟིན་མོད། འོན་ཀྱང་རླངས་འཁོར་ནང་བླུགས་པའི་ཉ་དག་གསོ་རླུང་དཀོན་པའི་དབང་གིས་ཤི་གྲབས་ཡོད་པས། ཁ་ལོ་བས་སེམས་ཁྲལ་ཆེན་པོ་བྱེད་བཞིན“ད་ཚར་སོང་། འདི་ནི་ངའི་ཁྱིམ་ནོར་ཡོད་ཚད་ཡིན”ཞེས་བཤད།

ཚའོ་ཁྲེང་གིས་ཁོང་གི་གམ་དུ་བསྐྱོད་དེ་དཔུང་པར་བཅག་བཅག་བྱེད་ཀྱིན“སེམས་ཁྲལ་མ་བྱེད། མཉམ་དུ་ཐབས་ཤེས་བཏང་ཆོག”ཅེས་བརྗོད་རྗེས་ལག་ཐོགས་ཁ་པར་ནས་ཁོངས་གཏོགས་ཁུལ་གྱི་ཚོང་ཁང་ཚང་མར་འབྲེལ་བ་བྱས་ཏེ་ཉ་དགོས་མིན་དྲིས་པ་དང་། བྲིན་མེད་པའི་ཉ་དག་མི་དམངས་ཉེན་རྟོག་པ་སོ་སོས་དངུལ་བཏོན་ནས་ཉོས་པ་རེད།

ཁ་ལོ་བ་སེམས་འགུལ་ཆེན་པོ་ཐེབས་ནས་ཐུགས་རྗེ་ལེགས་འབུལ་ཇི་ལྟར་ཞུ་དགོས་མིན་མི་ཤེས་པར་ཉ་ཁ་ཤས་ཁོང་ཚོར་ངེས་པར་དུ་སྤྲོད་དགོས་བསམ་ཡང་ཚའོ་ཁྲེང་གིས་ལག་པ་གཡུག་གཡུག་བྱེད་ཀྱིན“སེམས་ནང་བསམ་པ་ཙམ་གྱིས་འགྲིག་སོང་། ང་ཚོ་ནི་ཉེན་རྟོག་པ་ཡིན་པས། འདི་ནི་ང་ཚོས་སྒྲུབ་འོས་པ་ཞིག་རེད”ཅེས་གད་མོ་དགོད་བཞིན་དུ་བཤད།

བརྟན་སྲུང་དང་དད་སེམས་ཆེན་པོས་ཆེས་གཅེས་པར་འོས་པའི་མི་ལ་འགྱུར་བ།

2018ལོར་སྤྱི་བདེ་མཐའ་སྲུང་དཔུང་སྡེ་ད་སྐུལ་དམག་ཞབས་ལས་མཉམ་སྡེབ་ཐོག་ཕྱིར་འཐེན་བྱས། མཐའ་སྲུང་དྲག་ཆས་ཉེན་རྟོག་པ་ནས་རྒྱལ་ཁབ་གནས་སྤོས་མི་སེར་དོ་དམ་གྱི་ཉེན་རྟོག་པའི་བར་ཁོང་ཚོས་དམག་ཆས་ཕུད་དེ་ཉེན་རྟོག་པའི་གྱོན་ཆས་གྱོན་ཡོད། ཐོབ་ཐང་ལ་འགྱུར་ལྡོག་ཕྱིན་ནའང་ཕྲག་སྟེང་གི་འགན་འཁྲིར་འགྱུར་བ་ཕྱིན་མེད་ཅིང་། “མཐའ་མཚམས་སྲུང་བ”ནས“མང་ཚོགས་སྲུང་བའི”བར་དང“རྒྱལ་ཁབ་ཀྱི་ས་ཆ་སྲུང་བ”ནས“དམངས་འཚོ་སྲུང་བའི”བར་ལས་འགན་དང་འགན་འཁྲི་དེ་བས་ལྕི་རུ་ཕྱིན་ཡོད།

འགྲོ་དང་མ་འགྲོ་གདམ་ག་ཇི་ལྟར་བྱ་རྒྱུ་དེས་མི་ཚང་མའི་ཐོག་མའི་བསམ་འདུན་ལ་ཚོད་བགམ་བྱེད་བཞིན་ཡོད།

ཚའོ་ཁྲེང་ལ་མ་གཞི་ཀན་སུའུ་རུ་ལོག་སྟེ་ནང་མི་དང་མཉམ་འཛོམས་བྱེད་པའི་གོ་སྐབས་ཡོད་ནའང་། མཚན་མོ་དེར་ཁོང་གིས་གཅིག་པུར་མངགས་གཏོང་ཁང་གི་སྒོ་འགྲམ་དུ་ལངས་ཏེ་རྒྱང་རིང་གི་དབེན་འཇམ་གངས་རིར་བལྟས་ནས་བསྡད། ཟླ་འོད་གངས་རིའི་སྟེང་དུ་འཕྲོས་པས་དཀར་གསལ་གྱི་འོད་མདངས་འཚེར། ཁོང་གིས་དེ་གར་ལངས་ནས་ཡུན་རིང་པོ་ཞིག་བསྡད།

ཁུག་མའི་ནང་ནས་ལག་ཐོགས་ཁ་པར་གྱི་སྦིར་སྒྲ་གྲགས་ཤིང་། བཟའ་ཟླས་ཁོང་ལ་ཆ་འཕྲིན་བསྐུར་ཏེ“ལོག་མཁན་ཡིན་ནམ”ཞེས་དྲིས།

མཐར་ཁོང་གིས་བཟའ་ཟླར་ཁ་པར་བརྒྱབ་སྟེ་དལ་ཞིང་ལྷོད་པའི་ངང་ནས“ལོག་ཡོང་གི་མིན”ཞེས་བཤད།

ག་རེ་ཡིན་ནམ་ཞེས་ང་ཚོས་མུ་མཐུད་འདྲི་སྐབས་ས་མཐོར་ལོ་མང་པོ་བསྡད་པའི་ནུབ་བྱང་གི་ཕོ་ཁྱོ་ཀ་དེས་འུད་ཤོབ་ཅི་ཡང་མེད་པར་དམག་སྒར་གྱི་སྒོ་རྩའི“ཁུ་ནུའི་སོ་ལྟ་ཁང་དང་པོ”ཞེས་བརྐོས་པའི་རྡོ་ཆེན་པོ་དེ་བསྟན་ནས“མཐའ་མཚམས་སྲུང་མཁན་ལོས་དགོས། ང་ཚོས་མ་སྲུང་ན་སུས་སྲུང་གི་རེད་དམ”ཞེས་བཤད་བྱུང་།

“འདི་ནི་ཚེ་སྲོག་གི་མཚོན་རྟགས་རེད་ལ། ང་ཚོའི་བསམ་པའི་མེ་ལོང་ཡང་རེད” “ང་ཚོའི་འདི་གར་གསོ་རླུང་དཀོན་ཡང་སྙིང་སྟོབས་ནམ་ཡང་ཉམས་མི་སྲིད”ཅེས་ཚའོ་ཁྲེང་གིས་མི་དམངས་ཉེན་རྟོག་པར་རྟག་ཏུ་དེ་ལྟར་ཤོད་ཀྱི་ཡོད།

སྙིང་སྟོབས་དེའི་འབྱུང་རྩ་གང་དུ་ཡིན་ནམ་ཞེ་ན།

རྒྱལ་ལམ་219བརྒྱུད་ནས་ལྷོ་རུ་བསྐྱོད་ཚེ་ས་བབ་སྨི་4280ཟིན་པའི་ཁང་ཤིས་ཝ་ཏ་པན་གྱི་འགྲམ་དུ་རྒྱ་ཆེ་བའི་བང་སོའི་སྐྱེད་ཚལ་ཞིག་གངས་རིའི་ཁྲོད་དུ་ཁུ་སིམ་མེར་གནས་མལ་བཅའ་བ་དང་གཉིས་སུ་མ་མཆིས། དེ་ནི་ཁང་ཤིས་ཝ་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་ཡིན་ཞིང་། མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོང་དང་འཛུགས་སྐྲུན་ཆེད་དུ་རང་སྲོག་སྐྱེས་སུ་འབུལ་མཁན་སྔོན་གཤེགས་དཔའ་བོ་བརྒྱ་ལྷག་འདི་གར་ནམ་ཡང་གནས་ཡོད། ལོ་ལྟར་མི་དམངས་ཉེན་རྟོག་པ་གསར་པ་སླེབས་རིམ་བཞིན་དོན་དག་དང་པོ་ནི་སྔོན་གཤེགས་དཔའ་བོ་ཡོད་སར་འབྱོར་ཐོ་འགོད་རྒྱུ་དེ་ཡིན་པ་དང་མི་དམངས་ཉེན་རྟོག་པ་རྒན་གྲས་ལས་སྒྱུར་བྱེད་སྐབས་མཐའ་མཇུག་གི་ལས་ཀ་ནི་སྔོན་གཤེགས་དཔའ་བོ་ཚོར་གྱེས་མཇལ་ཞུ་བར་འགྲོ་དགོས་པ་དེ་ཡིན།

ཚའོ་ཁྲེང་གིས་དེ་སྔ་སྔོན་གཤེགས་དཔའ་བོ་ཁྲེང་ཞང་རུང་སྐུ་འཚོ་བཞུགས་སྐབས་ཁོང་གནས་སའི་ལེན་ཤོག་དམག་སྒར་གྱི་ཉལ་ཁང་མདུན་དུ་ཡུན་རིང་པོ་ཀྲོང་ངེར་ལངས་ནས་བསྡད། “ལྷད་མེད་ཀྱི་བརྩེ་བ་ཀྲུང་གོར་བཅངས”ཞེས་པའི་ཡིག་འབྲུ་དེ་ཁོང་གི་སེམས་སུ་རྡོ་ལ་རི་མོ་བརྐོས་པ་ལྟར་བཅངས་ཡོད། “ལོ་བཅོ་བརྒྱད་བཅུ་དགུ་ཟེར་ན་ཧ་ཅང་ཆུང་ཆུང་རེད”ཁོང་གིས་ཁ་ཚུར་བསྐོར་ཏེ་རྒྱང་རིང་ལ་ལྟ་བཞིན་དུ“ཁོང་ཚོས་ཚེ་སྲོག་བློས་བཏང་ནས་ས་གཞི་འདི་བསྲུངས་པ་རེད། ང་ཚོས་སྲུང་བཞིན་པའི་ལམ་བུ་འདི་ནི་ཁོང་ཚོའི་བང་སོར་བསྐྱོད་སའི་ལམ་བུ་དེ་རེད། ང་ཚོས་ལམ་བུ་འདི་ཅིས་ཀྱང་ཡག་པོ་སྲུང་དགོས”ཞེས་བཤད།

ལོ་70ཡི་གོང་ལམ་སྐྲུན་དམག་དཔུང་ཆེན་པོས་འཇོར་དང་སྦྱག་མར་བརྟེན་ནས“འཚོ་གནས་དཀའ་ཁུལ”དུ“མཁའ་ལམ”བཏོད་ཡོད།

ལོ་70ཡི་རྗེས་སུ་ཁོང་ཚོའི་རྗེས་འབྲངས་པ་སྟེ། གནས་སྤོས་མི་སེར་དོ་དམ་གྱི་ཉེན་རྟོག་པ་ན་གཞོན་ཚོས་ལང་ཚོ་དང་ཁྲག་དྲོན་ལ་བརྟེན་ནས“མཁའ་ལམ”འདི་སྲུང་བཞིན་ཡོད།

ཁོང་ཚོས་སྲུང་བ་ནི་སྔར་ནས་ད་བར་ས་ཁམས་ཀྱི་དོན་སྙིང་ལྡན་པའི་ལམ་བུ་ཁོ་ན་མིན་པར་དེ་ནི་མེས་རྒྱལ་གྱི་མངའ་ཁོངས་ས་ཆ་སྦར་མཐིལ་ཙམ་ཡང་མ་ཤོར་བ་བྱེད་པའི་ལ་རྒྱ་དང་། ལམ་བུ་འདི་བརྒྱུད་ནས་འགྲོ་མཁན་གྱི་མི་དམངས་མང་ཚོགས་ཀྱི་བདེ་སྡུག་རེད་ལ། ས་མཐོའི་གསོ་རླུང་དཀོན་པའི་ཁོར་ཡུག་ཁྲོད་དུ་ནམ་ཡང་ཉམས་པ་མེད་པའི་དད་སེམས་དེ་བས་ཀྱང་རེད།

གངས་ལྗོངས་ས་མཐོར་གཞི་ཚུགས་པའི་ན་གཞོན་ཚོའི་བརྟན་སྲུང་དང་དད་སེམས་ལས་དུས་རབས་འདིའི་ཆེས་གཅེས་པར་འོས་པའི་མི་ལ་གྱུར་ཡོད།

(སྒྱུར་ཞུས་པ། བསྟན་བློ་དང་། པད་ཆོས། མཚམས་གཅོད། ལྷག་ཚེ)