འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ལས་ཞུགས་སྔོན་འཇོག་འཐབ་ཇུས་དང་གཅིག་གྱུར་ཚད་ལྡན་གྱི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ཡག་པོ་བྱ་ཆེད། ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་ལས་ཞུགས་སྐུལ་འདེད་དང་ངལ་རྩོལ་སྲུང་སྐྱོང་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་བརྡ་ཐོ་བཀྲམ་ནས། 2026ལོའི་ཟླ་4པ་ནས་ཟླ་7པའི་བར། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་2026ལོའི་མི་ཤུགས་ཐོན་ཁུངས་ཀྱི་ཁྲོམ་རའི་སྒྲིག་ལམ་ལ་གཙང་བཤེར་བཅོས་སྒྲིག་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་རྒྱུ་རེད།
ད་ཐེངས་ཀྱི་ཆེད་དོན་བྱ་སྤྱོད་ཀྱིས་ལས་ཞུགས་ལ་སྐུལ་འདེད་དང་ངལ་རྩོལ་འགན་སྲུང་སོགས་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ཁྲིམས་སྲོལ་དོན་འཁྱོལ་ལ་དམིགས་ནས། ངལ་རྩོལ་པའི་དྲང་གཞག་ལས་ཞུགས་ཀྱི་ཁེ་དབང་ལ་གནོད་འཚེ་གཏོང་བ་དང་ལས་ཞུགས་ཁྲོམ་རའི་སྒྲིག་ལམ་ཟང་ཟིང་བཟོ་བའི་མངོན་གསལ་དོད་པའི་ཁྲིམས་འགལ་བྱེད་སྤྱོད་སྣ་ཚོགས་གཅིག་སྡུད་ཐོག་ཡོ་བསྲང་བྱས་ཏེ། དྲ་རྒྱའི་གདན་ཞུའི་སྒྲིག་ལམ་ཚད་ལྡན་དུ་གཏོང་བ་དང་དྲ་རྒྱའི་གདན་ཞུའི་ཞབས་ཞུའི་ཆོག་འཐུས་ལམ་ལུགས་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས། དྲ་རྒྱའི་གདན་ཞུའི་རིགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་ཚད་ལྡན་དུ་གཏོང་རྒྱུ་དང་། “གདན་ཞུ་གསོ་སྦྱོང་ལ་སྒྱུར་བའི”མགོ་སྐོར་རང་བཞིན་གཅིག་སྡུད་ཐོག་བཅོས་སྒྲིག་བྱས་ཏེ། གདན་ཞུའི་མིང་ཐོག་ནས་ལས་ཀ་འཚོལ་མཁན་བསླུ་བྲིད་དང་མགོ་སྐོར་བཏང་སྟེ་ཁོང་ཚོ་གྲོན་དངུལ་བསྡུ་བའི་གསོ་སྦྱོང་ནང་ཞུགས་སུ་འཇུག་པའི་ཟང་ཟིང་གི་སྣང་ཚུལ་ལ་གཙོ་གནད་ཐོག་རྡུང་རྡེག་གཏོང་རྒྱུ། ལས་མི་བསྡུ་བའི་ཆ་འཕྲིན་རྫུན་མ་བཅོས་སྒྲིག་བྱེད་པར་ཤུགས་བརྒྱབ་ནས། “ཀྲུང་དབྱང་དང་གཞུང་ཁོངས་ཁེ་ལས་སུ་འོས་སྦྱོར་བྱེད་པ”དང“ལས་བཅུག་གན་བཞག”རྫུན་མ་སོགས་ལས་མི་བསྡུ་བའི་ཆ་འཕྲིན་རྫུན་མ་གཙང་སེལ་བྱ་རྒྱུ། ངལ་ནུས་མངགས་གཏོང་དང་ལས་མི་བཀོལ་སྤྱོད་ཚད་ལྡན་དུ་གཏོང་བ་དང་ཆོག་མཆན་མ་ཐོབ་པར་རང་དགར་ངལ་ནུས་མངགས་གཏོང་བྱེད་མཁན་དང“ཕྱིར་འགན་གཙང་རྫུན་མ་སྤྲོད་པ་དང་མངགས་གཏོང་ངོ་མ”བྱེད་པའི་གནད་དོན་གཙོ་གནད་ཐོག་ཐག་གཅོད་བྱ་རྒྱུ། ལས་ཞུགས་ཐད་ཀྱི་མཐོང་ཆུང་བྱེད་སྤྱོད་སྣ་ཚོགས་ཁྲིམས་ལྟར་ཡོ་བསྲང་བྱ་རྒྱུ་བཅས་རེད།
བརྡ་ཐོའི་ནང་བླང་བྱ་བཏོན་དོན། ས་ཁུལ་ཁག་དང་འབྲེལ་ཡོད་སྡེ་ཚན་ཁག་གིས་བསམ་བློའི་ངོས་འཛིན་ཟབ་ཏུ་བཏང་ནས་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ཇུས་འགོད་དང་བཀོད་སྒྲིག་ཞིབ་ཚགས་བྱེད་པ། སྡེ་ཚན་དབར་གྱི་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཆེད་དོན་བྱ་སྤྱོད་ཀྱི་ལས་འགན་ཁག་དོན་འཁྱོལ་གང་ལེགས་བྱེད་དགོས་པ་དང་། ས་ཁུལ་དེ་ག་དང་ཁྱབ་ཁོངས་དེ་གའི་ལས་བསྡུའི་ཁྲོམ་རའི་ཉེན་ཁ་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱེད་པ་དང་། ཐེར་འདོན་དང་ཞུ་གཏུག་ཐབས་ལམ་རང་འགུལ་ངང་ཡོངས་བསྒྲགས་བྱེད་པ། སྤྱི་ཚོགས་ལ་ཕྱོགས་ནས་གནད་དོན་གྱི་ཁུངས་སྣེ་བསྡུ་རུབ་བྱེད་པ། འགན་འཁྲི་བདའ་འདེད་ཀྱི་ལམ་ལུགས་དོན་འཁྱོལ་ནན་པོ་བཅས་བྱས་ཏེ། ཞུ་གཏུག་རྒྱག་མཁན་ཡོད་ཕྱིན་འཕྲལ་དུ་དང་ལེན་བྱས་ནས་སྒྲུབ་དགོས་ལ། དཔང་རྟགས་ཁུངས་བཙན་ཡོད་པའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་མཐའ་གཅིག་ཏུ་ཐག་གཅོད་ནན་པོ་བྱས་ནས། ངལ་རྩོལ་པའི་འདྲ་མཉམ་ལས་ཞུགས་ཀྱི་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱེད་དགོས།