འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་7ཉིན་གློག་འཕྲིན་འབྱོར་གསལ། ཟླ་4ཚེས་29ཉིན་ནས་ཟླ་5ཚེས་6ཉིན་བར། རྒྱལ་ཡོངས་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་1.59ཟིན་ནས་དུས་མཚུངས་ལས་5.2%འཕར་བའི་ནང་ཟླ་5ཚེས་1ཉིན་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་2484.4ཟིན་ནས་ཉིན་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་པའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། རྒྱལ་ཁབ་ལྕགས་ལམ་གྱིས་རིམ་རྩིས་བརྒྱབ་ན་དངོས་ཟོག་ཏུན་ཁྲི་9350སྐྱེལ་འདྲེན་བྱས་ནས་དུས་མཚུངས་ལས་4.5%འཕར་ཅིང་། ཟླ་5ཚེས་2ཉིན་ཟོག་འདྲེན་མེ་འཁོར་ཁྲི་20.24ཟིན་ནས་རྒྱལ་ཁབ་ལྕགས་ལམ་གྱི་ཉིན་རེར་ཟོག་འདྲེན་མེ་འཁོར་གཏོང་བའི་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།
ཟླ་4ཚེས་29ཉིན་ནས་ཟླ་5ཚེས་6ཉིན་བར། ཉིན་རེར་ཆ་སྙོམས་འགྲུལ་སྐྱེལ་མེ་འཁོར་13525བཏང་ནས་དུས་མཚུངས་ལས་5.7%འཕར་བའི་ནང་ཟླ་5ཚེས་5ཉིན་མེ་འཁོར་14576བཀོད་སྒྲིག་བྱས་ནས་ཉིན་རེའི་སྐྱེལ་འདྲེན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཀོང་ཏུང་དང་། ཧྲེན་ཀྲེན། ཤང་ཀང་བཅས་ཀྱི་མྱུར་བགྲོད་ལྕགས་ལམ་ནས་རྒྱལ་སྒྲོལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་6.3%འཕར་བ་དང་ཀྲུང་གོ་དང་ལོ་སིའི་ལྕགས་ལམ་ནས་རྒྱལ་སྒྲོལ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་20.9%འཕར་ཡོད།