ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་5ཉིན་ཚོང་དོན་པུའུ་ནས་ཤེས་རྟོགས་བྱུང་བར“ལྔ་གཅིག”གུང་གསེང་རིང་ས་གནས་མང་པོ་ཞིག་གིས་དཔྱིད་ཀའི་གུང་གསེང་ལ་བསྟུད་མར་ངལ་གསོ་འཇོག་པའི་སྲིད་ཇུས་ལག་ལེན་བསྟར་བས་འཛད་སྤྱོད་པའི་ཕྱིར་སྐྱོད་ཡུལ་སྐོར་གྱི་དགོས་མཁོ་གཅིག་སྡུད་ཐོག་ཆེ་རུ་སོང་བ་དང་། ཞབས་ཞུའི་འཛད་སྤྱོད་ཀྱི་དགོས་མཁོ་ཆེ་རུ་ཕྱིན་པ། ཚོང་ཟོག་འཛད་སྤྱོད་སྤྱིའི་ཆ་ནས་བརྟན་པོ་བྱུང་བ། འཚོ་བའི་མཁོ་ཆས་འདང་ངེས་དང་རིན་གོང་བརྟན་པོ་བཅས་བྱུང་ཡོད་པ་རེད།
ཞབས་ཞུའི་འཛད་སྤྱོད་ཐད་ཚོང་དོན་པུའི་ཚོང་དོན་གྲངས་གཞི་ཆེན་པོ་ལྟར་ན། གཙོ་གནད་ལས་སྟེགས་ཐོག་རྒྱལ་ཡོངས་སུ་ཞིང་ཆེན་སྒྲོལ་བའི་ཡུལ་སྐོར་བའི་གྲངས་འབོར་གཞི་ཁྱོན་དུས་མཚུངས་ལས་7.6%འཕར་བའི་ནང་སྤྱི་ལེ་800ཡན་གྱི་ཡུལ་སྐོར་བ་དུས་མཚུངས་ལས་20%འཕར་ནས་དེ་འབྲེལ་གྱི་གསོལ་མགྲོན་ཁང་གི་ཞག་སྡོད་འཛད་སྤྱོད་དུས་མཚུངས་ལས་18%འཕར་རྒྱུར་སྐུལ་ཁྲིད་ཐུབ་ཡོད་པ་རེད། རླངས་འཁོར་བོགས་གཏོང་གི་མངགས་ཐོ་དུས་མཚུངས་ལས་21%འཕར་བའི་ནང་གྲོང་ཁྱེར་སྒྲོལ་བའི་མངགས་ཐོ་དུས་མཚུངས་ལས་67.6%འཕར་ཡོད་པ་རེད། འཁྲབ་སྟོན་འཛད་སྤྱོད་དུས་མཚུངས་ལས་17.6%འཕར་བ་དང“ལྔ་གཅིག་གི་ཆེད་དམིགས”གློག་བརྙན་སྤ་སེའི་དངུལ་འབོར་སྒོར་དུང་ཕྱུར་7ལྷག་ཟིན་ཡོད་པ་རེད།
ཚོང་ཟོག་འཛད་སྤྱོད་ཐད་ཚོང་དོན་གྲངས་གཞི་ཆེན་པོ་ལས་མངོན་པར། ཟླ་5ཚེས་4ཉིན་བར་2026ལོར་འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་བྱེད་སྒོས་མི་ཐེངས་ཁྲི་8620.4ལ་ཕན་པ་ཐོབ་པ་དང་ཕྱིར་ཚོང་དངུལ་འབོར་སྒོར་དུང་ཕྱུར་6292.7ཟིན་པར་སྐུལ་ཁྲིད་ཐུབ་ཡོད་པ་རེད། ཚོང་དོན་གྱི་གྲངས་གཞི་ཆེན་པོ་ལས་ད་དུང་མངོན་པར། རྐང་ཐང་ཁྲོམ་གཞུང་སོགས་ལྟེ་བའི་ཚོང་ཁྲོམ་དུ་མི་ཚོགས་མང་ཞིང་། ཟླ་5ཚེས་1ནས་4ཉིན་བར་ཚོང་དོན་པུས་གཙོ་གནད་ཐོག་ལྟ་ཞིབ་ཚད་ལེན་བྱས་པའི་རྐང་ཐང་ཁྲོམ་གཞུང(ཚོང་ཁྲོམ)78ཀྱི་འགྲུལ་འབོར་དང་ཚོང་གཉེར་ཡོང་འབབ་དུས་མཚུངས་ལས་5.0%དང་5.3%སོ་སོར་འཕར་ཡོད་པ་རེད།
ས་གནས་ཁག་གི་ཚོང་དོན་གཙོ་གཉེར་སྡེ་ཚན་གྱིས་ཚོང་དོན་འཁོར་རྒྱུག་ཁེ་ལས་ལ་འཚོ་བའི་མཁོ་ཆས་ཁྲོམ་རར་འདོན་ཚད་མང་དུ་གཏོང་བར་མཛུབ་ཁྲིད་བྱས་པས། ཁྲོམ་རའི་མཁོ་སྤྲོད་འདང་ངེས་དང་བརྟན་པོ་དང་རིན་གོང་སྤྱིའི་ཆ་ནས་བརྟན་པོ་བྱུང་ཡོད། ཚོང་དོན་གྲངས་གཞི་ཆེན་པོ་ལས་མངོན་པར། དུས་ཆེན་རིང་རྒྱལ་ཡོངས་ཀྱི་ཞིང་ཞོར་ཐོན་རྫས་སྡེབ་ཚོང་ཁྲོམ་ར་ཆེ་གྲས་200ཡི་མཛོད་ཉར་འདང་ངེས་ཡོད་པ་དང་། འབྲུ་སྣུམ་དང་། ཕག་ཤ། ཚགས་ཤ་བཅས་ཀྱི་རིན་གོང་དུས་ཆེན་གོང(ཟླ་4ཚེས་30ཉིན)དང་སྤྱིར་ན་གཅིག་མཚུངས་ཡིན་པ་དང་། བྱ་ཤ་དང་། ཤིང་འབྲས། སྔོ་ཚལ་བཅས་ཀྱི་རིན་གོང་དུས་མཚུངས་ལས་0.4%དང་། 0.3% 0.2%བཅས་སོ་སོར་ཆག་པ། བྱ་སྒོང་དང་ལུག་ཤའི་རིན་གོང་དུས་མཚུངས་ལས་0.5%དང་0.3%སོ་སོར་འཕར་ཡོད་པ་རེད།
(བསྟན་བློས་བསྒྱུར། ཉི་དོན་གྱིས་ཞུས)