《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

བོད་ཀྱིས་ནད་འགོག་ནུས་པ་ཆེ་རུ་རྒྱུན་མཐུད་བཏང་བ།

ས་མཐོའི་ནད་གཞི་གང་ལེགས་བཅོས། དམངས་ཀྱི་སེམས་ཁྲལ་སེལ་བར་གཞོལ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཞུས་ཡུས་ཡའོ།

མཚན་མོའི་ཆུ་ཚོད་10པ་ཡོལ་ཙམ་ལ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་དོས་དྲག་ཚན་ཁག་གི་ཀྲུའུ་རེན་ཧོའུ་ཀྲུང་ཀང་ལ། གྲོང་ཁུལ་གྱི་མགྲོན་ཁང་ཞིག་ཏུ་འགྲུལ་པ་ཞིག་གློ་བུར་དུ་དྲན་པ་ཐོར་འདུག་ཅེས་པའི་ཁ་པར་ཞིག་འབྱོར་བར། 120མྱུར་སྐྱོབ་ཚོགས་པས་འཕྲལ་དུ་རྡོག་ཐོན་བྱས་པས་སྐར་མ་བཅུ་ཡི་ནང་མགྲོན་ཁང་དུ་འབྱོར།

“གློ་བ་དང་ཀླད་པར་ཆུ་བསགས་པའི་དོས་དྲག་གི་ནད་རྟགས་ཡོད་པས། ངེས་པར་དུ་ནད་གཞི་ཇེ་ལོད་དུ་མི་འགྲོ་བ་བྱེད་དགོས” མྱུར་སྐྱོབ་ཀྱི་བརྒྱུད་རིམ་ལ་རྒྱུས་མངའ་ཡོད་པའི་སྨན་དོན་པས་འཕྲལ་མར་ནད་པར་སྨན་སྟེར་བ་དང་གསོ་རླུང་རྔུབ་ཏུ་བཅུག་པ་དང་། དེ་རྗེས་སྨན་ཁང་གི་དོས་དྲག་ཁང་དང་འབྲེལ་བ་བྱས་ཏེ། “འདི་གར་གློ་བ་དང་ཀླད་པར་ཆུ་བསགས་པའི་དོགས་གཞི་ཡོད་པའི་ནད་པ་ཞིག་འདུག”ཅེས་བརྗོད།

སྨན་པ་ཚོས་གསོ་རླུང་རྔུབ་ཏུ་འཇུག་པ་དང་། བརྟག་དཔྱད་བྱེད་པ། སྨན་ཁབ་རྒྱག་པ་སོགས་ཀྱིས་མྱུར་སྐྱོབ་བྱས་པ་བརྒྱུད། ལྟ་ཞིབ་ཡོ་བྱད་ཐོག་གི་ཨང་ཀིར་འགྱུར་ལྡོག་བྱུང་བ་སྟེ། སྙིང་འཕར་ཚད་རིམ་བཞིན་ཆག་ནས་རྒྱུན་གཏན་ལྟར་དུ་གྱུར་པ་དང་། ཁྲག་དབྱང་ལོངས་ཚད་རིམ་བཞིན་ཇེ་མཐོར་ཕྱིན་ནས། ནད་པའི་གདོང་གཤིས་ཇེ་ཡག་དང་མཆུ་ཏོ་དམར་སྨུག་ནས་ཅུང་དམར་པོར་གྱུར་ཡོད།

“ངས་སྐད་ཆ་བཤད་པ་ཐོས་ཀྱི་འདུག་གམ”ཞེས་ཧོའུ་ཀྲུང་ཀང་གིས་དྲིས་པར། ནད་པས་མགོ་བོ་ལྕོག་ཙམ་བྱས་པས་ཧོའུ་ཀྲུང་ཀང་གི་སེམས་པ་གཞི་ནས་ལྷོད་ལ་བབས།

ཆ་སྙོམས་ས་བབ་སྨི་4500ཟིན་པའི་ནག་ཆུ་ནི་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་གྲོང་ཁུལ་ཞིག་ཡིན་ཞིང་། དེ་ནི་མཚོ་བོད་གཞུང་ལམ་གྱི་ལྟེ་བའི་ཁུལ་དང་། མི་མང་པོ“བོད་དུ་ཡོང་སའི་འབབ་ཚུགས་དང་པོ”དེའང་རེད། ཧོའུ་ཀྲུང་ཀང་གིས“ནག་ཆུར་སླེབས་མ་ཐག་པའི་ཉིན་ཁ་ཤས་རིང་ནི་ལ་དུག་མང་ཤོས་རྒྱག་པའི་དུས་ཤིག་རེད། ང་ཚོར་རྟག་ཏུ་མྱུར་སྐྱོབ་ཁ་པར་འབྱོར་བའི་ཁྲོད། ནད་པ་མང་ཆེ་བ་ནི་བོད་དུ་ཡུལ་སྐོར་རམ་ཡང་ན་གླ་པར་ཡོང་མཁན་ཤ་སྟག་རེད”ཅེས་ངོ་སྤྲོད་བྱས།

ལོ་འདི་དག་གི་རིང་། གསོ་རླུང་མཛོད་དང་ཁྲག་དབྱང་ལྟ་ཞིབ་ཚད་ལེན་སྒྲིག་ཆས་ཡོངས་ཁྱབ་ཏུ་སྤྱོད་པ་དང་མི་རྣམས་ཀྱི་བདེ་འཇགས་འདུ་ཤེས་ཟབ་ཏུ་ཕྱིན་པ་དང་བསྟུན་ནས། ས་མཐོའི་དོས་དྲག་རང་བཞིན་གྱི་ཀླད་པ་དང་གློ་བར་ཆུ་བསགས་ཚད་མངོན་གསལ་དོད་པོས་ཉུང་དུ་ཕྱིན་ཡོད། འོན་ཀྱང་། དེ་ནི་སྔར་བཞིན་ནག་ཆུ་གྲོང་ཁྱེར་མི་དམངས་སྨན་ཁང་གིས་སྨན་བཅོས་བྱེད་མང་བའི་ནད་གཞིའི་གྲས་ཤིག་རེད། “ལོ་ལྟར་གྱི་ཟླ་བ་3པ་ནས་5པའི་བར་ནི་ནད་གཞི་དེ་རིགས་ཐོན་མང་བའི་དུས་ཡིན་པས། ཟླ་རེར་ཆ་སྙོམས་སྨན་བཅོས་བྱེད་ཚད་མི་300ཙམ་ཟིན་པ་དེས་དོས་དྲག་རང་བཞིན་གྱི་སྨན་བཅོས་བྱེད་ཚད་ཀྱི་15%ཙམ་བཟུང་གི་ཡོད། ད་ཆ་སྨན་བཅོས་ཀྱི་ལག་རྩལ་ལེགས་སུ་ཕྱིན་པས། སྨན་ཁང་དུ་དུས་ཐོག་མྱུར་སྐྱོབ་བྱེད་པར་བསྐྱལ་བའི་ནད་པ་སྤྱིར་ན་སྲོག་ཉེན་ལས་གང་མགྱོགས་ཐར་ཐུབ་ཀྱི་ཡོད”ཅེས་ཧོའུ་ཀྲུང་ཀང་གིས་བཤད།

ས་མཐོའི་ནད་ནི་ས་མཐོར་སླེབས་མ་ཐག་པའི་མི་ཁོ་ནར་ཕོག་པ་ཞིག་མིན་པར་ས་མཐོར་རྒྱུན་སྡོད་མཁན་ལའང་ཕོག་གི་ཡོད་པས། དེ་ནི་ས་མཐོར་ལས་ཀ་བྱེད་པ་དང་འཚོ་བ་སྐྱེལ་རིང་འཕྲད་པའི་དཀའ་ངལ་ཆེ་ཤོས་ཤིག་རེད།

གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་སྨན་གཡོག་རིག་འཛིན་བུ་ཁྲིད་ཀྱིས་ནད་པའི་ལག་པ་ནས་ཁྲག་འཐེན་སྦུ་གུ་བཀོག་སྟེ་སྲིང་བལ་གྱིས་ཁྲག་བཀག་ཅིང་། ཁོང་གིས་ནད་པར“རྨོ་ལགས། ད་ལྟ་མགོ་ཡུར་ཏོག་ཙམ་འཁོར་ནའང་དགོང་མོར་དྲག་ཏུ་འགྲོ་གི་རེད”ཅེས་བཤད།

“མིག་སྔར། ལོ་ལྟར་ནད་པ་300ལྷག་ཙམ་སྨན་ཁང་དུ་ཁྲག་འཐེན་པར་ཡོང་གི་ཡོད་པས། སྨན་བཅོས་བྱེད་སྟངས་དེས་ས་མཐོའི་ཕྲ་ཕུང་དམར་པོ་མང་འཕེལ་ནད་བཅོས་ཐུབ་ཀྱི་ཡོད”ཅེས་རིག་འཛིན་བུ་ཁྲིད་ཀྱིས་ངོ་སྤྲོད་བྱས། ཁོང་གིས“ལག་རྩལ་དེ་སྤྱད་ནས་ད་བར་ལོ་10སོང་རིང་ནད་པ་མང་པོར་ཕན་པ་ཐོབ་ཡོད”ཅེས་བཤད།

དེ་སྔོན། མི་ཁག་གཅིག་གིས“ཁྲག་གཏར་བའི་བཅོས་ཐབས”སྤྱད་དེ་སྨན་བཅོས་བྱེད་ཀྱི་ཡོད། བྱེད་ཐབས་དེས་དུས་ཐུང་ནང་ནད་རྟགས་ལེགས་སུ་གཏོང་ཐུབ་ཀྱང་གློ་བའི་འཕར་རྩའི་ཁྲག་ཤེད་མཐོ་རུ་འགྲོ་སྲིད། ཁྲག་འཐེན་གྱི་བྱེད་ཐབས་རྐྱང་པར་བརྟེན་ནས་ནད་གཞི་འདི་རིགས་སྨན་བཅོས་བྱེད་ཐབས་ནི་གཞིས་རྩེ་གྲོང་ཁྱེར་མི་དམངས་སྨན་ཁང་གི་གསར་གཏོད་ཅིག་ཡིན་པས། ཁྲག་གཏར་བའི་བཅོས་ཐབས་ཀྱི་སྐྱོན་ཆ་སེལ་ཐུབ།

མི་རིང་བའི་གོང་། གཞིས་རྩེ་གྲོང་ཁྱེར་འབྲོང་པ་རྫོང་ནས་ཡོང་བའི་ནད་པ་ལྷག་ཆུང(མིང་ཚབ)སྨན་ཁང་དུ་ཡོང་ནས“ང་རྟག་ཏུ་མགོ་བོ་ན་གི་འདུག་ལ་མགོ་ཡུར་ཡང་འཁོར་གྱི་འདུག ཁྲག་ཤེད་མཐོ་བས་མིན་ནམ་སྙམ་ནས་ཁྲག་ཤེད་གཅོག་པའི་སྨན་བཏང་རུང་དྲག་གི་མི་འདུག”ཅེས་སྨན་པར་དྲིས་པར། “ཁྲག་ཤེད་མཐོ་བ་དང་མགོ་ཡུར་འཁོར་དོན་ནི་ཕྲ་ཕུང་དམར་པོ་མཐོ་དྲགས་པས་རེད། དུས་ཡུན་རིང་པོ་དེ་ལྟར་བྱས་ཚེ། ཕྱིས་འབྱུང་ཁྲག་རྩ་འགག་པ་དང་གྲིབ་སྐྱོན་ཕོག་པའི་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པས། དུས་ཐོག་ཏུ་སྨན་ཁང་དུ་བསྡད་དེ་སྨན་བཅོས་བྱེད་དགོས”ཞེས་ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྨན་ཁང་དང་པོའི་ཁྲག་ནད་ཁོའོ་ཡི་བོད་སྐྱོར་སྨན་པ་ཧྲེན་ཁྲང་གིས་བཤད།

དེ་རྗེས་ལྷག་ཆུང་གིས་སྨན་ཁང་དུ་སྡོད་པའི་འགྲོ་ལུགས་གཉེར་བ་དང་། གཟའ་འཁོར་གཅིག་ལ་སྨན་བཅོས་ཐེངས་གཉིས་བྱས་རྗེས། མགོ་ཡུར་འཁོར་བ་དང་ཁྲག་ཤེད་མཐོ་བའི་ནད་གཞི་དྲག་ཏུ་སོང་ནས་གཟུགས་པོའང་རིམ་བཞིན་སླར་གསོ་བྱུང་ཡོད།

ཧྲེན་ཁྲང་གིས“ས་མཐོའི་གནམ་གཤིས་དང་ཁོར་ཡུག་གིས་མིའི་གཟུགས་པོར་ཤོག་བུ་སྣུམ་འཚོས་བཞིན་རིམ་པས་ཤུགས་རྐྱེན་ངན་པ་ཐེབས་ནས་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད། ས་མཐོར་གྲིབ་སྐྱོན་དང་གྲུམ་བུ་སོགས་ཀྱི་ནད་གཞི་ཐོན་སླ་བའང་དེ་དང་འབྲེལ་བ་ཡོད། ས་མཐོའི་ཕྲ་ཕུང་དམར་པོ་མང་འཕེལ་ནད་ལྟ་བུ་ནི་དོན་དུ་གཟུགས་པོ་ས་མཐོའི་ཁོར་ཡུག་དང་འཚམ་འཕྲོད་ཐུབ་པའི་འགྱུར་ལྡོག་ལས་བྱུང་བ་ཞིག་རེད། ཕྲ་ཕུང་དམར་པོ་མང་དུ་ཕྱིན་ན་ཁྲག་ཤེད་མཐོ་བའི་ནད་གཞི་དང་ཐ་ན་གྲིབ་སྐྱོན་ཕོག་པ་སོགས་ཀྱི་ནད་གཞི་ཐོན་པའི་ཉེན་ཁ་ཆེ་རུ་འགྲོ་སྲིད་པས་སྔ་ཙམ་ནས་སྔོན་འགོག་བྱེད་དགོས”ཞེས་བཤད།

(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)