འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཡ་ཝུན་ཏེ་ནས་གློག་འཕྲིན་འབྱོར་གསལ། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་སྐབས་བཅུ་བཞི་པ་མ་འཚོག་གོང་དུ། ཀྲུང་གོ་ཕྱོགས་ཀྱིས་ཉེ་ཆར་ཁ་མེ་རོང་གི་རྒྱལ་ས་ཡ་ཝུན་ཏེ་རུ“ཨ་ཧྥེ་རི་ཁའི་བཟོ་ལས་ཅན་ལ་རམ་འདེགས་བྱེད། ཀྲུང་གོས་མ་རྩ་འཇོག་པ”ཞེས་པའི་མཐོ་རིམ་ཚོགས་འདུ་འཚོགས་ཤིང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་དབྱི་ཝུའེ་ལཱ་དང་དེ་བཞིན་ཁ་མེ་རོང་སོགས་ཨ་ཧྥེ་རི་ཁའི་ཁོངས་མི་50ཙམ་གྱི་པུའུ་ཀྲང་ངམ་འཐུས་མི་ཚོགས་འདུར་ཞུགས་པ་རེད།
ཀྲུང་གོའི་ཚོང་དོན་པུའི་པུའུ་ཀྲང་ཝང་ཝུན་ཐའོ་ཡིས་ཚོགས་འདུའི་ཐོག་བཞེད་དོན་གཙོ་བོའི་གཏམ་བཤད་སྤེལ་སྐབས། ད་ཐེངས་ཀྱི་མཐོ་རིམ་ཚོགས་འདུ་ནི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་དང་། གྲོགས་པོ་བློས་ཐུབ་དང་བློས་འགེལ་ཆོག་པའི་རོགས་ཟླ་ཡིན་པའི་ཀྲུང་གོས་འགན་འཁྲི་ཁུར་ལེན་བྱེད་པ་ཞིག་རེད་ལ། ཀྲུང་ཧྥེའི་མཉམ་ལས་ཀྱི་སྤུས་ཚད་དང་རིམ་པ་མཐོ་རུ་བཏང་ནས་ཐུན་མོང་ཐོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དངོས་སྒྲུབ་བྱ་སྤྱོད་ཅིག་ཀྱང་རེད། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་ཁབ་ཁག་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་མཁོ་བའི་དགོས་མཁོ་དང་འབྲེལ་མཐུད་དམ་ཟབ་བྱེད་པ། ཀྲུང་གོའི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་ར་དང་འཐུས་སྒོ་ཚང་བའི་ཐོན་ལས་མ་ལག་སོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བཅས་བྱས་ཏེ། ཐོན་མཁོའི་འཁོར་འབྲེལ་དང་། རྨང་གཞིའི་སྒྲིག་བཀོད། མི་ཤུགས་ཐོན་ཁུངས། ཚོང་དོན་མ་འཇོག་སྒྲིག་སྲོལ་བཅས་ཀྱི་ཁྱབ་ཁོངས་ཆེན་པོ་བཞི་ཡི་མཉམ་ལས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་བརྗོད་པ་རེད།
དབྱི་ཝུའེ་ལཱ་དང་འཛམ་གླིང་ཚོང་དོན་རྩ་འཛུགས་སྐབས་བཅུ་བཞི་པའི་པུའུ་ཀྲང་རིམ་པའི་གྲོས་ཚོགས་ཀྱི་ཀྲུའུ་ཞི་དང་ཁ་མེ་རོང་ཚོང་དོན་པུའི་པུའུ་ཀྲང་ཨ་ཐན་ཅ་ནཱ་དང་དེ་བཞིན་ཨ་ཧྥེ་རི་ཁའི་ཁོངས་མི་ཁག་གཅིག་གི་པུའུ་ཀྲང་གི་འཐུས་མིས་གཏམ་བཤད་སྤེལ་ཏེ། མིག་སྔའི་གོ་ལ་ཧྲིལ་པོའི་ཚོང་དོན་གྱི་ཟང་ཟིང་ཆེ་བའི་དུས་བབ་ལ་དོ་ཁུར་བྱ་ཚུལ་ནན་བཤད་བྱས་པ་དང་། འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་དང་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པའི་ཐད་ཀྲུང་གོ་ཕྱོགས་ཀྱིས་བྱ་སྤྱོད་ཏན་ཏིག་སྤེལ་བ་དང་ལེགས་སྐྱེས་ཧུར་ཐག་ཕུལ་བར་ཚད་མཐོའི་གདེང་འཇོག་བྱས་པ། ཀྲུང་གོ་ཕྱོགས་དང་ཚོང་དོན་མ་འཇོག་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་ཨ་ཧྥེ་རི་ཁའི་བཟོ་ལས་ཅན་གྱི་འཕེལ་རིམ་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱ་རྒྱུའི་རེ་བ་འཆང་ལུགས་བརྗོད་པ་རེད།
(སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)