འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཁའེ་ཕུའུ་ཏུན་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གོ་དང་ལྷོ་ཨ་ཧྥེ་རི་ཁའི་དཔལ་འབྱོར་ཚོང་དོན་མཉམ་ལས་གླེང་སྟེགས་དེ་ལྷོ་ཨ་ཧྥེ་རི་ཁའི་གྲོང་ཁྱེར་ཁའེ་ཕུའུ་ཏུན་དུ་གཉེར་ཞིང་། རྒྱལ་ཁབ་གཉིས་པོའི་ཁེ་ལས་ཀྱིས་ཞིང་ལས་དང་། བཟོ་སྐྲུན་ལས་རིགས། ནུས་རྒྱུ་གཏེར་ལས། དངུལ་རྩ། རླངས་འཁོར། ཟོག་འགྲུལ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་དམིགས་ནས་འབྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་དེ་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་དང་ལྷོ་ཨ་ཧྥེ་རི་ཁ་ཚོང་དོན་དང་བཟོ་ལས་འགྲན་རྩོད་པུས་ཐུན་མོང་ཐོག་གཙོ་གཉེར་བྱས་པ་དང་། ཀྲུང་ལྷོའི་རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་དང་ཚོང་དོན་ལས་རིགས་ཀྱི་འཐུས་མི་350ལྷག་ཙམ་ཞུགས་ཡོད། ལྷོ་ཨ་ཧྥེ་རི་ཁའི་ཙུང་ཐུང་གཞོན་པ་མཱ་ཧྲ་ཏི་ལེ་ཡིས་གླེང་སྟེགས་ཐོག་ཤིས་ཚིག་སྒྲོན་སྐབས། ལྷོ་ཀྲུང་རྒྱལ་ཁབ་གཉིས་པོའི་ཐུན་མོང་འཕེལ་རྒྱས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་སྒྲོམ་གཞིའི་གྲོས་མཐུན་དེས་ཀྲུང་གོའི་ཁེ་ལས་ཀྱིས་ལྷོ་ཨ་ཧྥེ་རི་ཁའི་ཚོང་ཟོག་ནང་འདྲེན་བྱེད་པའི་མ་གནས་ནུས་ལྡན་ངང་དམའ་རུ་གཏོང་རྒྱུ་དང་ཆབས་ཅིག ལྷོ་ཨ་ཧྥེ་རི་ཁའི་ཐོན་ལས་ཀྱིས་ཁྲོམ་ར་རྒྱ་སྐྱེད་དང་འགྲན་རྩོད་ནུས་པ་ཆེ་རུ་གཏོང་རྒྱུར་ཐབས་ལམ་གསར་པ་གཏོད་རྒྱུ་རེད་ཅེས་བརྗོད་པ་རེད།
ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་དཔལ་འབྱོར་དང་ཚོང་དོན་གྱི་མཉམ་ལས་རྒྱ་ཆེར་གཏོང་བ་དང་། ཐོན་ལས་འབྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་ཁྱབ་ཁོངས་དེ་བས་ཆེ་བ་དང་། མངའ་ཁོངས་དེ་བས་ཡངས་པ། རིམ་པ་དེ་བས་ཟབ་པ་བཅས་ཀྱི་གཉིས་ཁེ་གཉིས་ཕན་ཡོང་བ་བྱ་རྒྱུ་དེ་རེད། ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལྷོ་ཨ་ཧྥེ་རི་ཁ་ཕྱོགས་ཀྱི་མཉམ་ལས་རོགས་ཟླ་དང་མཉམ་དུ་སྤུས་ཚད་མཐོ་བའི་དཔལ་འབྱོར་ཚོང་དོན་ལས་སྟེགས་བསྐྲུན་པ་དང་ཆེད་ལས་ཀྱི་ཞབས་འདེགས་དེ་བས་ལེགས་པོ་ཞུས་ནས། ཀྲུང་ལྷོ་དང་ཀྲུང་ཧྥེའི་གཉིས་ཕན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་དེ་བས་མང་བ་ཐོབ་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།
གླེང་སྟེགས་འཚོག་རིང་། ལྷོ་ཨ་ཧྥེ་རི་ཁའི་བཟོ་ཚོང་ལས་རིགས་ཀྱི་འཐུས་མིས་ས་གནས་དེ་གའི་ཚོང་གཉེར་ཁོར་ཡུག་དང་མ་འཇོག་གོ་སྐབས་ངོ་སྤྲོད་བྱས་པ་དང་། ཀྲུང་གོ་རྒྱལ་སྤྱིའི་འགྲེམས་སྟོན་ལྟེ་གནས་ཚོགས་པ་ཚད་ཡོད་ཀུང་སིའི་འཐུས་མིས་མཁོ་སྤྲོད་འཁོར་འབྲེལ་འགྲེམས་ཚོགས་སྐབས་བཞི་པ་འོས་སྦྱོར་བྱས་པ་རེད།
(བསྟན་འཛིན་རྣམ་རྒྱལ་གྱིས་བསྒྱུར། སྤེན་ཚེས་ཞུས)