《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

2026ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ཀྱི་ལོ་ཚོགས་འཚོགས་པ།

—— གོ་ལ་ཧྲིལ་པོའི་ཚན་རྩལ་དར་རྒྱས་གོང་འཕེལ་ལ་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་བ།

འདི་ག་ཚགས་པར་གྱི་གསར་འགོད་པ། ཁུང་ཀེ

ཟླ་3ཚེས་25ནས་29ཉིན་བར“ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་གཏིང་ཟབ་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ཀྱི་ལོ་ཚོགས་པེ་ཅིང་དུ་འཚོགས་པ་རེད། ལོ་ཚོགས་ཐོག་གླེང་སྟེགས་ཚོགས་འདུ་དང་། གྲུབ་འབྲས་ཁྱབ་བསྒྲགས། ལག་རྩལ་ཉོ་ཚོང་། ལག་རྩལ་གསར་ཤོས་ཀྱི་འགྲན་བསྡུར་ཆེ་མོ། ལེ་ལག་ཚང་བའི་བྱེད་སྒོ་བཅས་ཁག་ལྔ་བཀོད་སྒྲིག་བྱས་པ་དང་། རྒྱལ་ཁབ་དང་ས་ཁུལ་100ལྷག་ཙམ་ནས་ཡོང་བའི་སྐུ་མགྲོན་མཉམ་འཛོམས་ཀྱིས་གསར་གཏོད་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་རྒྱལ་སྤྱིའི་ཚན་རྩལ་མཉམ་ལས་ཀྱི་མདུན་ལམ་ལ་རྒྱང་ལྟ་བྱས་པ་རེད། ཚང་མས་ཉེ་བའི་ལོ་ཤས་རིང་ཀྲུང་གོས་གསར་གཏོད་སྐྱེ་ཁམས་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ལག་རྩལ་གསར་ཤོས་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཁག་དང་ཚན་རྩལ་མཉམ་ལས་ཀྱི་གཏིང་ཚད་དང་གཞི་ཁྱོན་རྒྱུན་ཆད་མེད་པར་རྒྱ་སྐྱེད་བཏང་ནས་གོ་ལ་ཧྲིལ་པོའི་ཚན་རྩལ་དར་རྒྱས་གོང་འཕེལ་ཡོང་ཆེད་ཀྲུང་གོའི་ཇུས་གཞི་ལེགས་སྐྱེས་ཕུལ་ཡོད་ཅེས་བརྗོད།

“ང་ཚོས་ཚན་རྩལ་གསར་གཏོད་ཀྱིས་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་མཐོང་བྱུང”

འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་གཞོན་པ་ཝང་པིན་དབྱིང་གིས་འགོ་ཚུགས་མཛད་སྒོའི་ཐོག་ཤིས་ཚིག་གསུང་སྐབས། མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་གོ་ལ་ཧྲིལ་པོར་ཁྱབ་སྤེལ་རྒྱ་ཁྱབ་གཏོང་བཞིན་ཡོད་པས་གསར་གཏོད་ཀྱི་རྣམ་པ་བསྐྱར་དུ་གཏོད་པ་དང་གོ་སྐབས་གསར་པ་ཐོན་བཞིན་ཡོད། ཀྲུང་གོ་ནི་རྒྱལ་ནང་གི་ནུས་ལྡན་གསར་གཏོད་ཀྱི་ཁེ་བེད་བདག་ཐོབ་གྲངས་འབོར་ཁྲི་500ལས་བརྒལ་བའི་འཛམ་གླིང་གི་རྒྱལ་ཁབ་དང་པོ་དེ་ཡིན་པ་དང་གསར་གཏོད་ཀྱི་གྲུབ་འབྲས་ལ་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་ཀྱི་ཡོད། པེ་ཅིང་ལ་གསར་གཏོད་ཀྱི་རྨང་གཞི་གཏིང་ཟབ་ལྡན་པས་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱིས་པེ་ཅིང་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་གཞོལ་རྒྱུ་ཡིན་ཞེས་བརྗོད།

ཡོ་རོབ་ཚན་རིག་ཁང་གི་ཡོན་ཧྲི་དང་། ཀྲུང་གོ་བཟོ་སྐྲུན་ཁང་གི་རྒྱལ་ཁོངས་ཕྱིའི་ཡོན་ཧྲི། ཤར་ལྷོ་སློབ་ཆེན་འཕྲུལ་ཆས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་བཅས་ཡིན་པའི་པི་ཏེ·ཏ་ཝེ·ལུའུ་ཏེས། ཉེ་བའི་ལོ་ཤས་རིང་ཀྲུང་གོས་ཚན་རྩལ་གསར་གཏོད་ཐད་མ་དངུལ་རྒྱུན་ཆད་མེད་པར་གཏོང་ཤུགས་ཆེ་རུ་བཏང་ནས་ཞིབ་སྤེལ་དང་གསར་གཏོད་ཁྱབ་ཁོངས་སུ་མུ་མཐུད་ཤུགས་སྣོན་བརྒྱབ་པས། ཚན་རྩལ་ཡར་ཐོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཚན་རྩལ་ཤེས་ལྡན་པ་གསོག་འཇོག་བརྟན་པོ་དང་ནུས་ཆེའི་ལག་རྩལ་གཞན་སྒྱུར་ནུས་པར་བརྟེན་ནས་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་མདུན་གྲལ་དུ་སླེབས་ཡོད། “ཀྲུང་གོས‘ལོ་ལྔ་ཚན་བཅོ་ལྔ་པའི’རིང་རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཀྱི་ཐབས་ཇུས་ནུས་པ་ཆེ་རུ་གཏོང་རྒྱུ་ཁ་གསལ་བཏོན་ཡོད། ཀྲུང་གོའི་ཚན་རྩལ་འཕེལ་རྒྱས་ལ་དོ་ཁུར་དང་ཀྲུང་གོ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་རྒྱལ་ཁབ་ཁག་གི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་བརྗོད།

“ཀྲུང་གོ་ནི་ཚན་རྩལ་གསར་གཏོད་བྱེད་མཁན་གྱི་རྒྱལ་ཁབ་ཡག་ཤོས་ཤིག་ཡིན”

འདི་ལོ་གསར་དུ་རིམ་སྤོར་བྱས་པའི་མི་ཐབས་རིག་ནུས་ཡིག་སྒྱུར་མ་ལག་གིས་ཞབས་ཞུའི་སྐད་རིགས་8བར་མང་དུ་བཏང་སྟེ་རྒྱལ་ཁབ་མི་འདྲ་བ་ནས་ཡོང་བའི་སྐུ་མགྲོན་ཚོ་གེགས་མེད་སྤེལ་རེས་ཐུབ་ཡོད། སི་རི་ལན་ཁའི་ཉ་ལས་དང་། ཆུའི་ཐོན་ལས། རྒྱ་མཚོའི་ཐོན་ཁུངས་པུའུ་བཅས་ཀྱི་པུའུ་ཀྲང་གཞོན་པ་ལ་ཐེ་ན·ཅཱ་མ་ཅིས་གསར་འགོད་པར། ཀྲུང་ཀོན་གྲོང་ཚོའི་གླེང་སྟེགས་ལོ་ཚོགས་ཀྱི་ལས་སྟེགས་འདིར་བརྟེན་ནས་ཕྱོགས་ཁག་གིས་ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་ཚན་རྩལ་འཕེལ་རྒྱས་ཀྱི་དུས་བབ་ལ་གྲོས་བསྡུར་བྱས་ཚེ། ཕན་ཚུན་རོགས་རེས་དང་། མཛའ་གྲོགས། མཉམ་ལས་བཅས་ཟབ་ཏུ་འགྲོ་རྒྱུར་ཕན་ཐོགས་ཡོད་ཅེས་བརྗོད།

“ལོ་ལྔ་ཚན་བཅུ་བཞི་པའི”རིང་པེ་ཅིང་གྲོང་ཁྱེར་གྱིས་སྣེ་ཁྲིད་དེ་རྒྱལ་སྤྱིའི་ཚད་གཞིའི་རྣམ་གྲངས་500ལྷག་ཙམ་བཟོས་པ་དང་པེ་ཅིང་དུ་ཡོད་པའི་ཚན་པས་རྒྱལ་སྤྱིའི་ཚད་གཞིའི་རྩ་འཛུགས་ཀྱི་ལག་རྩལ་སྒྲིག་གཞིའི་དྲུང་ཡིག་ཁྲུའུ་54ཡི་འགན་ཁུར་ཡོད། རྒྱལ་སྤྱིའི་ཚད་ལྡན་ཅན་རྩ་འཛུགས་ཀྱི་དྲུང་ཆེ་སེར་ཅི་ཨའོ·མུའུ་ཤིས་ཁཱ་ཡིས། ཀྲུང་གོས་རྒྱལ་སྤྱིའི་ཚད་གཞིའི་མ་ལག་འཕེལ་རྒྱས་གཏོང་བའི་ཐད་ཕུལ་དུ་བྱུང་བའི་འགོ་ཁྲིད་ནུས་པ་མངོན་ཡོད། “རྒྱལ་སྤྱིའི་ཚན་རྩལ་གསར་གཏོད་ལྟེ་གནས་ཡིན་པའི་པེ་ཅིང་གིས་འབྱུང་འགྱུར་རྒྱལ་སྤྱིའི་ཚད་ལྡན་ཅན་ཐད་ནུས་པ་དེ་བས་གལ་ཆེན་འདོན་རྒྱུ་རེད”ཅེས་བརྗོད།

“ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཁེ་བཅས་ནི་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཉག་ཅིག་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”

དེང་སྐབས་འཛམ་གླིང་ལ་འགྱུར་ལྡོག་དང་འགྲན་སློང་མང་པོ་ཡོད་མོད། འོན་ཀྱང་མཉམ་ལས་གཉིས་ཁེ་ནི་སྔར་བཞིན་དུས་རབས་ཀྱི་འཕེལ་ཕྱོགས་གཙོ་བོ་ཡིན། ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་དབྱེ་བསྟུན་མཁས་དང་གཉིས་ཕན་གཉིས་ཁེའི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་གཉིས་ཕན་མཉམ་སྤྱོད་ཡོང་བར་སྐུལ་འདེད་བཏང་ནས་ལག་གདང་སྦྲེལ་ཏེ་གོ་ལ་ཧྲིལ་པོའི་ཚན་རྩལ་གཅིག་མཐུན་ཚོགས་པ་སྐྲུན་བཞིན་ཡོད།

ཨུ་རུ་སུའི་ཚན་རིག་གྲོང་འཕེལ་རྒྱས་མནའ་འབྲེལ་གྱི་ཀྲུའུ་ཞི་དང་ཁོའོ་ཝེ་ཨུ་རུ་སུའི་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཝེ་ཁེ་ཏུའོ·ཤིས་ཏེ་ཉེ་ཧྥུའུ་ཡིས་ཚན་རྩལ་ཡར་ཐོན་འདི་ཉིད་སྒོ་དབྱེ་མཉམ་ལས་དང་། སྤེལ་རེས། ཕན་ཚུན་དཔྱད་གཞིར་འཛིན་པ་བཅས་དང་ཁ་འབྲལ་ཐབས་མེད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཚན་རྩལ་གསར་གཏོད་ཀྱི་རིག་ཚན་མང་པོ་སྣོལ་བའི་ངོ་བོ་དེས་ཕྱོགས་མང་པོའི་རོགས་ལས་ནི་ལྡོག་མེད་ཀྱི་གདམ་ག་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད། “ཚན་རྩལ་རྩེར་སོན་ཁྱབ་ཁོངས་སུ་ཀྲུང་གོ་རྒྱལ་སྤྱིའི་སྔོན་ཐོན་གྱི་གནས་བབ་ཏུ་གནས་ཡོད། ང་ཚོས་ཀྲུང་གོ་དང་མཉམ་ལས་ཟམ་མི་ཆད་པར་ཟབ་ཏུ་གཏོང་བར་རེ་སྒུག་བྱེད་ཀྱི་ཡོད”

ཉེ་བའི་ལོ་ཤས་རིང་། ཧྲི་ཕུའུ་ལིན་ཀེ·རང་བྱུང་གིས་ཀྲུང་གོའི་སྒྲིག་གཞི་དང་མཉམ་ལས་བྱས་ནས་དུས་དེབ་རིགས་200ལྷག་ཙམ་དཔེ་སྐྲུན་བྱས་ཡོད། ཧྲི་ཕུའུ་ལིན་ཀེ·རང་བྱུང་ཚན་ཞིབ་ཀྱི་ཙུང་ཚའེ་ཧྲི་ཏེ་ཝུན·དབྱིན་ཁྲི་ཁུའུ་མུའུ་ཡིས། “ད་ཐེངས་ཀྱི་གླེང་སྟེགས་ལོ་ཚོགས་ཀྱིས་འཛམ་གླིང་དང་པེ་ཅིང་སྦྲེལ་མཐུད་ཐུབ་པ་མ་ཟད། པེ་ཅིང་ལ་གོ་ལ་ཧྲིལ་པོ་དང་སྤེལ་རེས་བྱེད་པའི་གོ་སྐབས་ཀྱང་བསྐྲུན་ཡོད། དེ་ནི་རྒྱལ་སྤྱིའི་མཉམ་ལས་ཀྱི་རིན་ཐང་ཡང་ཡིན” ཚན་ཞིབ་ཁྱབ་ཁོངས་སུ་ཀྲུང་གོ་འདི་ཉིད་གོ་ལ་ཧྲིལ་པོའི་སྔོན་ཐོན་གྱི་གནས་བབ་ཏུ་གནས་ཡོད། “ང་ཚོས་ཀྲུང་གོའི་ཚན་ཞིབ་གྲུབ་འབྲས་མུ་མཐུད་འཛམ་གླིང་དུ་ཁྱབ་གདལ་གཏོང་བ་དང་དུས་མཚུངས་འཛམ་གླིང་ས་ཁུལ་གཞན་དག་གི་ཚན་ཞིབ་གྲུབ་འབྲས་ཀྱང་ཀྲུང་གོར་ནང་འདྲེན་བྱས་ནས། གོ་ལ་ཧྲིལ་པོའི་ཚན་རྩལ་གསར་གཏོད་ཀྱི་ཆུ་ཚད་མཐོ་བའི་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད། ཕན་ཚུན་སློབ་སྦྱོང་དང་། ཕན་ཚུན་དཔྱད་གཞིར་འཛིན་པ། མཉམ་ལས་གཉིས་ཁེ་བཅས་ནི་གྲུབ་འབྲས་ཐོབ་པའི་ཕྱོགས་སུ་བསྐྱོད་པའི་ལམ་བུ་ཉག་ཅིག་ཡིན་པ་ང་ཚོར་ཡིད་ཆེས་བརྟན་པོ་ཡོད”ཅེས་གསར་འགོད་པར་བརྗོད།

(བདེ་དབང་གིས་བསྒྱུར། ཚེ་ལྷས་ཞུས)