《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

རེས་སྐོར་གསར་པའི་ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་ཡོངས་བཤེར་དང་ས་ཁོངས་དབྱེ་བའི་ལས་དོན་སྤེལ་འགོ་ཚུགས་པ།

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་26ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་གནམ་གཤིས་ཅུས་ནས་ཤེས་རྟོགས་བྱུང་བར། ཟླ་3ཚེས་26ཉིན་རྒྱལ་ཡོངས་ཀྱི་ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་ཡོངས་བཤེར་དང་ས་ཁོངས་དབྱེ་བའི་ལས་དོན་སྤེལ་འགོ་ཚུགས་ཤིང་། མ་འོངས་ལོ་4ཡི་རིང་རྒྱལ་ཡོངས་ཀྱི་རིགས་ཆེ་གྲས་ལྔ་དང་སྣེ་གྲངས་25ཡི་ལོ་ཏོག་ལ་ཡོངས་བཤེར་དང་ས་ཁོངས་དབྱེ་བར་སྐུལ་འདེད་བཏང་སྟེ། ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་གནས་ཚུལ་གསལ་རྟོགས་དང་། ཞིང་ལས་འདེབས་འཛུགས་ཀྱི་དབྱེ་མཚམས་དང་གནམ་གཤིས་ཀྱི་གནོད་འཚེའི་ཉེན་ཁར་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་སྐོར་བྱས་ནས། ཐོན་ལས་ཀྱི་བཀོད་པ་དང་ཞིང་ལས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བར་ལག་རྩལ་གྱི་འདེགས་སྐྱོར་དང་ཞིང་ལས་ཀྱི་གནོད་འཚེ་སྔོན་འགོག་ཉུང་གཏོང་དང་གེགས་སེལ་ཕན་འདོགས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།

རེས་སྐོར་གསར་པའི་རྒྱལ་ཡོངས་ཀྱི་ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་ཡོངས་བཤེར་དང་ས་ཁོངས་དབྱེ་བའི་ལས་དོན་དེ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)དང་། གྲོང་ཁྱེར། རྫོང་བཅས་ཁག་ལ་སྤེལ་རྒྱུ་ཡིན་པ་དང་། ཡོངས་བཤེར་བྱེད་ཁོངས་སུ་ཞིང་ལས་གནམ་གཤིས་ཀྱི་ཐོན་ཁུངས་ཡོངས་བཤེར་དང་ཞིང་ལས་ཐོན་སྐྱེད་ལ་བརྟག་དཔྱད་བྱེད་པ་གཉིས་ཚུད་ཡོད་པ་དང་། ཞིང་ལས་གནམ་གཤིས་ཀྱི་ས་ཁོངས་དབྱེ་བར་རྒྱལ་ཁབ་དང་། ཞིང་ཆེན། གྲོང་ཁྱེར། རྫོང་བཅས་རིམ་པ་བཞིའི་ཕྱོགས་བསྡུས་ཀྱི་ཞིང་ལས་གནམ་གཤིས་ས་ཁོངས་དབྱེ་བ་དང་། འདེབས་འཛུགས་བྱེད་སྟངས་ཀྱི་གནམ་གཤིས་ས་ཁོངས་དབྱེ་བ། འབྲོག་ལས་ཀྱི་གནམ་གཤིས་ས་ཁོངས་དབྱེ་བ། ཉ་ལས་ཀྱི་གནམ་གཤིས་ས་ཁོངས་དབྱེ་བ། སྒྲིག་བཀོད་ཞིང་ལས་ཀྱི་གནམ་གཤིས་ས་ཁོངས་དབྱེ་བ་བཅས་དང་། དེ་བཞིན་ལོ་ཏོག་གཙོ་བོའི་རིགས་25ཡི་གནམ་གཤིས་ས་ཁོངས་དབྱེ་བ་ཚུད་ཡོད་པ་རེད།