འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་28ཉིན་གློག་འཕྲིན་འབྱོར་གསལ། 2026ལོའི་དྭངས་གསལ་དུས་ཚིགས་འཆར་ཉེའི་མཚམས་སུ། སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་བ་དང་སྔོན་གཤེགས་དཔའ་བོའི་སྙིང་སྟོབས་རྒྱུན་འཛིན་བྱ་ཆེད། ཟླ་3ཚེས་28ཉིན། མི་དམངས་ཉིན་རེའི་ཚགས་པར་ཁང་གི་སྨྱན་སྦྱོར་གསར་པའི་ལྟེ་གནས་དང་རྒྱལ་ནང་གི་ཡན་ལག་ཚགས་པར་ཁང་ཁག་གཅིག་གིས་ས་ཆ་མང་པོའི་སྔོན་གཤེགས་དཔའ་བོའི་བང་སོའི་སྐྱེད་ཚལ་སོགས་དྲན་གསོ་བྱ་ཡུལ་དང་མཉམ་དུ“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད། ནམ་ཡང་ཁྱིམ་ཞེན་རྒྱལ་གཅེས་བློ་ལ་ངེས་པའི”དྲ་ཐོག་དང་དྲ་ཕྱིའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
བརྗོད་དོན་གཙོ་བོའི་བྱེད་སྒོ་དེ་མི་དམངས་ཉིན་རེའི་ཚགས་པར་གྱི་ཁྲིམས་མིའི་དཔོད་ཕྲན་སོགས་འབྲེལ་ལམ་སྨྱན་སྦྱོར་གྱི་དུད་སྣེར་སྤེལ་ཞིང་། དྲ་རྒྱ་ཡོངས་ལ་ཕྱོགས་ནས་སྔོན་གཤེགས་དཔའ་བོར་བརྗོད་འདོད་པའི་སྐད་ཆ་བསྡུ་རུབ་བྱེད་པ་དང་། དྲ་གྲོགས་ཚོས“དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་ཡི་གེ་ཞིག་བྲིས”ཞེས་པའི་བརྗོད་གཞིར་དམིགས་ཏེ་རང་ཉིད་ཀྱི་རྗེས་དྲན་ཡི་གེ་འབྲི་ཆོག་གི་ཡོད། མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་གསར་པས་དྲ་གྲོགས་ཀྱི་སྤུས་ལེགས་ལན་འཇོག་བདམས་ནས་ཡིག་སྐོགས་མེད་པའི་འཕྲིན་ཡིག་དང་། ལག་བྲིས་ཤོག་བྱང་། བརྗོད་དོན་གཙོ་བོའི་རྒྱ་ཁྱབ་བརྡ་སྦྱོར་སོགས་བཟོས་ཏེ། ས་གནས་ས་ཐོག་ཏུ་སྔོན་གཤེགས་དཔའ་བོའི་བང་སོའམ་ཡང་ན་དྲན་གསོའི་རྡོ་རིང་མདུན་དུ་བསྐྱལ་ནས། མེས་རྒྱལ་ས་ཕྱོགས་ཁག་ཏུ་སྐུ་གཤེགས་པའི་སྔོན་གཤེགས་དཔའ་བོར་རྗེས་དྲན་ཞུ་རྒྱུ་རེད།
ད་ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་105འཁོར་བའི་ལོ་ཞིག་ཡིན་ལ། དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་90འཁོར་བའི་ལོ་ཞིག་ཀྱང་རེད། “དྭངས་གསལ་དུས་ཚིགས་སུ་སྔོན་གཤེགས་དཔའ་བོར་མཆོད་འབུལ་བྱེད། ནམ་ཡང་ཁྱིམ་ཞེན་རྒྱལ་གཅེས་བློ་ལ་ངེས་པའི”བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་ལས་སྤྱི་ཚོགས་ཡོངས་སུ་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱས་ནས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི་རྣམ་པ་ཟབ་མོ་ཞིག་གཏོད་པར་རམ་འདེགས་ཐུབ་རྒྱུ་རེད། རྗེས་སུ་མི་དམངས་ཉིན་རེའི་ཚགས་པར་སྨྱན་སྦྱོར་གསར་པས་བསྡུ་རུབ་བྱས་པའི་དྲ་གྲོགས་ཀྱི་ལན་འཇོག་དང་ས་གནས་ས་ཐོག་གི་པར་རིས་བརྙན་ལམ་སོགས་ཀྱི་དཔྱད་གཞི་གཞིར་བཟུང་། མཉམ་འདྲེས་སྨྱན་སྦྱོར་གྱི་ཆ་འཕྲིན་རབ་དང་རིམ་པ་འགོད་སྤེལ་བྱས་ནས། ས་གནས་ཁག་གི་མང་ཚོགས་ཀྱིས་སྔོན་གཤེགས་དཔའ་བོར་རྗེས་དྲན་ཟབ་མོ་དང་བླ་ན་མེད་པའི་གུས་འདུད་ཞུ་ལུགས་མཚོན་པར་བྱ་རྒྱུ་རེད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་ཚེས་ཞུས)