《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年04月01日

ཡུལ་བབ་དང་བསྟུན་ནས་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས།

ཀུའེ་ཚུང་ལུའུ།

དུས་རབས་གསར་པ་ཤར་ཚུན། ནགས་ཚལ་གྱི་རྒྱ་ཁྱོན་དང་གསོག་ཚད་རྒྱུན་མཐུད“གཉིས་འཕར”བྱུང་བ་དང་། ཐང་རྒོད་དང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་རྒྱུན་མཐུད“གཉིས་ཆག”བྱུང་བ་ལ་སོགས། རང་རྒྱལ་འདི་ཉིད་གོ་ལ་ཧྲིལ་པོར་སྔོ་ལྗང་སྒྱུར་མང་ཤོས་དང་མགྱོགས་ཤོས་སུ་འགྱུར་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི“སྔོ་ལྗང་མང་དུ་གཏོང་བ་ནི་ལེགས་ཆ་མང་དུ་གཏོང་བ་དང་། ཤིང་འཛུགས་པ་ནི་འབྱུང་འགྱུར་གཏོད་པའི”འདུ་ཤེས་བཟུང་ནས་ཡུལ་བབ་དང་བསྟུན་ཏེ་སྔོ་རྒྱ་ཆེར་གཏོང་དང་། སྔོ་ལྗང་དར་སྤེལ། སྔོ་ལྗང་སྲུང་སྐྱོང་བཅས་བྱེད་པར་སྐུལ་འདེད་བཏང་བས་རེད།

རྒྱལ་སའི་འོས་འགན་ཤིང་འཛུགས་བྱེད་སྒོར་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ཡུལ་བབ་དང་བསྟུན་ནས་སྔོ་ལྗང་མང་དུ་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས”ཞེས་ནན་བཤད་གནང་ཡོད། དེ་ནི་དུས་བབ་གསར་པའི་འོག་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་ལ་སྐུལ་འདེད་གཏོང་བའི་ནང་གནས་བླང་བྱ་ཞིག་རེད་ལ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་བརྟག་ཐབས་སྨྲ་བ་གལ་ཆེན་གྱི་ཁྲིད་སྟོན་ཞིག་ཀྱང་རེད།

ཡུལ་བབ་དང་བསྟུན་པ་ཞེས་པ་ནི་རང་བྱུང་ཁམས་ཀྱི་ཆོས་ཉིད་ལ་བརྩི་འཇོག་བྱེད་རྒྱུ་དེ་གཙོ་བོ་ཡིན་ཞིང་། ས་གནས་ཁག་གིས་སྔོ་ལྗང་རྒྱ་སྐྱེད་དང་མང་དུ་གཏོང་བར་ངེས་པར་དུ་དོན་དངོས་ལ་གཞི་ཚུགས་ཏེ། སྐྱེ་ཁམས་ཁོར་ཡུག་གི་ཐེག་ནུས་དང་སྔོ་ཁེབས་སྐྱེ་འཚར་གྱི་ཆོས་ཉིད་ལ་སྤྱི་འདོམས་བྱེད་དགོས། ས་ཆར་བརྟེན་ནས་སྔོ་འགྱུར་གཏན་འཁེལ་དང་། ཆུ་ལ་བརྟེན་ནས་སྔོ་འགྱུར་གཏན་འཁེལ། ཤིང་འཚམ་སར་ཤིང་འཛུགས་པ། རྩྭ་འཚམ་སར་རྩྭ་འདེབས་པ་བཅས་བྱས་ན་གཞི་ནས་སྔོ་ལྗང་ཅན་དུ་སྒྱུར་བའི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་ཏུ་འགྲོ་ཐུབ།

ཡུལ་བབ་དང་བསྟུན་པར་ད་དུང་དམངས་འཚོའི་དགོས་མཁོ་གང་ཡིན་མིན་ཁོང་དུ་ཆུད་པར་བྱེད་དགོས། མི་སེར་གྱི་རེ་སྒུག་ལ་དམ་པོར་དམིགས་ནས་སྐྱེ་ཁམས་ཐོན་རྫས་ཀྱི་རིན་ཐང་སྒྱུར་བའི་ཐབས་ལམ་ཤར་གཏོང་ཡོང་བར་བྱེད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་སྔོ་ལྗང་ཅན་དང་མཛེས་སྡུག་ལྡན་པར་འགྱུར་བར་མཉམ་དུ་སྐུལ་འདེད་བཏང་ཚེ། སྔོ་ལྗང་ཐད་ཀྱི་མང་ཚོགས་ཀྱི་ཐོབ་སྣང་དང་ནང་སྐྱེས་སྒུལ་ཤུགས་དེ་བས་ཆེ་རུ་འགྲོ་ངེས་རེད།

ཤིང་འཛུགས་ནགས་བཟོའི་དོན་ཆེན་འདི་ཏན་ཏིག་ཡག་པོ་བསྒྲུབས་ཚེ། ཡངས་པའི་ས་གཞི་དེ་བས་མཛེས་སྡུག་ལྡན་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བཀྲག་མདངས་དེ་བས་འཚེར་ཐུབ་ངེས་རེད།