ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་30ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་30ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཛམ་གླིང་གྲངས་གཞི་རྩ་འཛུགས་བཙུགས་པར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།
ཞི་ཅིན་ཕིང་གིས་གསུངས་དོན། ད་ཆའི་འཛམ་གླིང་རིག་ནུས་ཀྱི་དུས་རབས་སུ་མགྱོགས་མྱུར་སྐྱོད་བཞིན་ཡོད་པ་དང་། གྲངས་གཞིའི་རྨང་གཞིའི་ཐོན་ཁུངས་ཀྱི་ནུས་པ་དང་གསར་གཏོད་སྒུལ་ཤུགས་ཀྱི་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་འགྲོ་བཞིན་ཡོད། འཛམ་གླིང་གྲངས་གཞི་རྩ་འཛུགས་ཀྱིས“གྲངས་གཞིའི་བར་ཁྱད་སེལ་བ་དང་། གྲངས་གཞིའི་རིན་ཐང་འདོན་པ། གྲངས་འཛིན་དཔལ་འབྱོར་དར་རྒྱས་གཏོང་བ”བཅས་དམིགས་ཡུལ་དུ་བྱས་ནས། གྲངས་གཞིའི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་གོ་ལ་ཧྲིལ་པོའི་གྲངས་གཞི་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་ཆེད་དགེ་མཚན་ལྡན་པའི་ལས་སྟེགས་མཁོ་འདོན་བྱས་ཡོད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཀྲུང་གོས་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཏེ་འཛམ་གླིང་གྲངས་གཞི་རྩ་འཛུགས་ཀྱིས་ནུས་པ་འདོན་པར་རྒྱབ་སྐྱོར་དང་། ཕྱོགས་ཁག་དང་མཉམ་དུ་གྲངས་གཞི་བཅོས་སྐྱོང་སྒྲིག་སྲོལ་གྱི་ཐུན་མོང་ངོས་འཛིན་གཅིག་ཏུ་སྒྲིལ་བ། གྲངས་རིག་ལག་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ། གྲངས་གཞི་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་དང་ནུས་ཆེའི་གསར་སྤེལ་བེད་སྤྱོད་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་གྲངས་འཛིན་དཔལ་འབྱོར་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཞབས་འདེགས་ཞུ་བ་བཅས་བྱས་ཏེ། གྲངས་གཞིའི་ཁེ་ཕན་གྱིས་རྒྱལ་ཁབ་ཁག་གི་མི་དམངས་ལ་ཕན་བདེ་དེ་བས་ལེགས་པ་སྐྲུན་ཐུབ་པར་བྱ་རྒྱུ་ཡིན།
ཉིན་དེར། པེ་ཅིང་དུ་འཛམ་གླིང་གྲངས་གཞི་རྩ་འཛུགས་བཙུགས་པའི་ཚོགས་ཆེན་འཚོགས་ཤིང་། བརྗོད་དོན་གཙོ་བོ་ནི“གྲངས་གཞིའི་མཉམ་ལས་ལས་སྟེགས་མཉམ་སྐྲུན·གྲངས་འཛིན་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད”ཅེས་པ་དེ་རེད། རྩ་འཛུགས་དེའི་ཚོགས་མིའི་ནང་གོ་ལ་ཧྲིལ་པོའི་གྲངས་གཞིའི་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁེ་ལས་དང་། མཐོ་སློབ། རིག་མཛོད། རྒྱལ་སྤྱིའི་རྩ་འཛུགས། དངུལ་རྩའི་སྒྲིག་གཞི་སོགས་ཚུད་ཡོད་པ་རེད།