འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་2026ལོའི་བོད་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། “ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་14.5བཏང་ནས་དམངས་ཡོངས་ཀྱི་ལུས་སྦྱོང་སྒྲིག་བཀོད་འཐུས་སྒོ་ཚང་དུ་བཏང་ཞིང་། དེའི་རིང་ད་དུང་བོད་ཀྱི་ལུས་རྩལ་པར་རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ནང་གཟེངས་བསྟོད་རྟགས་མ་447ཐོབ་ནས་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ་ཡོད།
“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱིས་རྒྱང་རྒྱུག་འབྲིང་རྒྱུག་དང་། མར་སུན་འགྲན་བསྡུར། གངས་ཤུད་རི་འཛེག་སོགས་ཁྱད་ལྡན་རྣམ་གྲངས་འཕེལ་རྒྱས་ཤུགས་ཆེན་བཏང་སྟེ། བོད་ལྗོངས་ཡོངས་ཀྱི་རྩལ་འགྲན་ལུས་རྩལ་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། བསྡོམས་རྩིས་ལྟར་ན། རྒྱལ་ཁབ་ཕྱི་ནང་གི་འགྲན་བསྡུར་ནང་བོད་ཀྱི་ལུས་རྩལ་པར་གསེར་གྱི་རྟགས་མ་165དང་། དངུལ་གྱི་རྟགས་མ་125 ཟངས་ཀྱི་རྟགས་མ་157བཅས་ཁྱོན་གཟེངས་བསྟོད་རྟགས་མ་447ཐོབ་ཡོད།
དེ་དང་ཆབས་ཅིག་བོད་ལྗོངས་ཀྱིས་ད་དུང་གཞོན་ནུ་ལོ་ཆུང་གི་ལུས་རྩལ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བ་དང་ལུས་རྩལ་དང་སློབ་གསོ་མཉམ་འདྲེས་ཡོང་རྒྱུར་སྐུལ་སྤེལ་བཏང་ཡོད། 《ལུས་རྩལ་དང་སློབ་གསོ་མཉམ་འདྲེས་གཏིང་ཟབ་བྱས་ནས་གཞོན་ནུ་ལོ་ཆུང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར》བཀྲམ་པ་དང་། རྒྱལ་ཁབ་རིམ་པ་དང་བོད་རང་སྐྱོང་ལྗོངས་རིམ་པའི་གཞོན་ནུ་ལོ་ཆུང་གི་ལུས་རྩལ་སྤྲོ་སྐྱིད་ཁང་དང་ལུས་རྩལ་སྲོལ་རྒྱུན་རྣམ་གྲངས་ཀྱི་སློབ་གྲྭ་དང་ཕྱི་རོལ་སྒར་ས་བརྒྱ་ལྷག་ཙམ་བཙུགས་ཡོད། “ལུས་རྩལ་རྣམ་གྲངས་སློབ་གྲྭར་ལག་ལེན་བསྟར་བ”དང་། “ལོ་ཆུང་ཚོ་རྒྱུག་ཤར་གློད་ཅིག”ཅེས་པའི་བརྗོད་དོན་གཙོ་བོའི་ལུས་སྦྱོང་། གཞོན་ནུ་ལོ་ཆུང་གི་ལུས་རྩལ་དབྱར་དགུན་སྒར་ས་སོགས་ཀྱི་བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་བར་ལོ་རེར་ཆ་སྙོམས་གཞོན་ནུ་ལོ་ཆུང་ཞུགས་ཚད་མི་ཐེངས་ཁྲི་10ལྷག་ཙམ་ཟིན་ཡོད། (སྤེན་ཚེས་བསྒྱུར། སྤེན་ཚེ་དང་བསྟན་འཛིན་རྣམ་རྒྱལ་གྱིས་ཞུས)