《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

མཚོ་སྔོན་གཏེར་ལེན་ཁ་གྲོང་ཁྱེར་ཧུང་ཀོང་གྲོང་ཚོའི“དཔྱིད་འགོའི་འཆད་ཁྲིད་དང་པོ”

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། དཔྱིད་ཟླ་གསུམ་པ་འཆར་ཡང་ཚྭ་འདམ་གཤོངས་སར་སྔར་བཞིན་གྲང་རླུང་ལྡང་མོད། འོན་ཀྱང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཧོ་ཏུང་ཁྲོམ་གཞུང་ཧུང་ཀོང་གྲོང་ཚོར་འཁྲུག་ཆ་དོད་པོ་ཡོད།

ཟླ་3ཚེས་7ཉིན་གྱི་ཞོགས་པ་སྔ་པོར། གྲོང་ཚོ་ཨུ་ལྷན་གྱི་ཐོག་ཁང་མདུན་དུ་གྲོང་ཚོར་བཅའ་སྡོད་ཧྲུའུ་ཅི་དང་པོ་པཱ་དབྱིན་སི་ཀེ་ལི་ཡིས་གྲོང་ཚོའི་ལས་བྱེད་པ་དང་མཉམ་དུ“ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་གྲོང་གསེབ་དར་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་དགོས”ཞེས་པའི་འཕྲེད་འགེལ་སྦྱར་ཡིག་གསར་རྐྱང་ཞིག་མངོན་ཆེ་སར་བཀལ་བ་རེད།

གྲོང་ཚོ་ཨུ་ལྷན་གཉིས་ཀྱི་ཚན་ཁག་དང་། གྲོང་སྡོད་ལས་དོན་རུ་ཁག ཡུལ་མིའི་འཐུས་མི་བཅས་མཉམ་དུ་འཛོམས་ནས་ད་ལོའི“དཔྱིད་འགོའི་འཆད་ཁྲིད་དང་པོ”འགོ་ཚུགས་རྒྱུར་སྒུག་ནས་བསྡད་པ་རེད།

སྒྲོག་འགྲེལ་ཡིག་ཆའི་ནང་གང་འཁོད་ལྟར་བརྒྱུད་བསྒྲགས་མ་བྱས་པར་རྒྱུན་གཏན་གྱི་འཚོ་བ་དངོས་དང་ཟུང་འབྲེལ་བྱས་ཤིང་། ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱེད་སྒོ་འགོ་ཚུགས་པའི་མཛད་སྒོ་མཇུག་འགྲིལ་མ་ཐག་གྲོང་ཚོས་སྒྲོག་འགྲེལ་བྱེད་ས་ཀོང་མིང་ཁུལ་ཆུང་གི་རིག་གནས་ཐང་ཆེན་དུ་སྤོས། པཱ་དབྱིན་སི་ཀེ་ལི་མི་ཚོགས་ཀྱི་དབུས་སུ་བསྡད་རྗེས“ང་ཚོ་ཁྱིམ་ཚང་གི་འཚོ་བ་སྐྱིད་པོ་གང་འདྲ་ཡོད་མེད་སྐོར་གླེང་གི་ཡིན”ཞེས་ཀུན་གྱིས་གླེང་འདོད་པའི་སྐད་ཆ་ནས་གཏམ་གྱི་སྒོ་མོ་ཕྱེས།

“འཚོ་བ་སྐྱིད་པོ་ཇི་ལྟར་ཡོང་ངམ་ཟེར་ན། ཏང་གི་རྗེས་སུ་འབྲངས་ནས་སེམས་ནུས་གཅིག་སྒྲིལ་གྱིས་ལས་ཀ་བྱེད་རྒྱུ་དེ་རེད”ཅེས་པཱ་དབྱིན་སི་ཀེ་ལི་ཡིས་ཡིག་ཆའི་ནང་གི“གནས་ལུགས་ཆེན་པོ”དག་ཚང་མས་གོ་ཐུབ་པའི་སྐད་ཆའི་ཐོག་ནས་བརྒྱུད་བསྒྲགས་བྱས་ཤིང་། “‘གྲོང་གསེབ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་གཏོང་དགོས’ཟེར་བ་དེ་ནི་ང་ཚོའི་གྲོང་ཚོའི་དོན་དག་ཚང་མས་གྲོས་མོལ་བྱས་ནས་སྒྲུབ་པ་དེར་ཟེར། ‘གྲོང་གསེབ་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས’ཟེར་བ་དེ་ནི་ཁྱིམ་མཚེས་འཆམ་མཐུན་བྱེད་པ་དང་། བག་མ་བསུ་ལེན་དང་གཤིན་པོ་དུར་སྐྱེལ་སོགས་བྱེད་སྐབས་ཕན་ཚུན་བསྡུར་བ་བྱེད་རྒྱུ་མེད་པར་ཟེར”ཞེས་གསལ་པོར་བརྗོད།

ཡུལ་མི་ཀེ་ཀྲན་ཧྲོའུ་ཡིས“ཧྲུའུ་ཅི་ལགས་ཀྱི་གཏམ་བཤད་དེ་ངའི་སེམས་ལ་ཟུག་པོ་བྱུང”ཞེས་མགོ་བོ་ལྕོག་ལྕོག་བྱེད་བཞིན“ཉེ་བའི་ལོ་ཤས་རིང་ལས་བྱེད་པ་ཚོས་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་མ་ཟད། ད་དུང་ང་ཚོར་ཁ་ཡོད་ལག་ཡོད་ཀྱི་བྱ་བ་སྒྲུབ་ཀྱི་འདུག་པས་འབྱུང་འགྱུར་གྱི་འཚོ་བ་དེ་བས་སྐྱིད་དུ་འགྲོ་ངེས་ཡིན་པའི་གདེང་ཚོད་ཡོད”ཅེས་བརྗོད།

མཚོ་ནུབ་ཀྲོའུ་ཡི་ལས་བྱེད་པ་སྟོང་གཞི་རིམ་དུ་སྐྱོད་པའི་གྲས་ཤིག་ཡིན་པའི་པཱ་དབྱིན་སི་ཀེ་ལི་ཡིས། “ང་ནི་སྲིད་ཇུས་ཀྱི‘སྒྲོག་འགྲེལ་པ’དང་། དམངས་ཀྱི་གནས་ཚུལ‘བརྟག་ཞིབ་པ’ མང་ཚོགས་ཀྱི‘ཞབས་ཞུ་བ’བཅས་བྱེད་པར་ཡོང་བ་ཡིན། གཞི་རིམ་དུ་རྩ་བ་ཚུགས་པ་དང་། ངར་ཤུགས་ཀྱིས་ཁེངས་པ། དོན་དངོས་དང་འཚམ་པ་བཅས་ཀྱི་ཐོག་ནས་ཏང་གི་སྲིད་ཇུས་བཟང་པོ་ཚང་མའི་སེམས་ལ་འཇགས་ཐབས་བྱེད་ཀྱི་ཡོད”ཅེས་བརྗོད།

སྲིད་ཇུས་སྒྲོག་འགྲེལ་གྱི་ཚ་རླབས་ད་དུང་འཕྱུར་བཞིན་ཡོད་ཅིང་། གསར་འགོད་པ་ཡུལ་མི་དང་མཉམ་དུ་ཧུང་ཀོང་གྲོང་ཚོའི་ཞིང་སྡེའི་ཕྱོགས་བསྡུས་ཁུལ་དུ་ཕྱིན་པ་ཡིན། ཐོན་ལས་དར་ཞིང་རྒྱས་པའི་མཛེས་རིས་ཤིག་འདྲེན་བྱེད་ལམ་དུ་མངོན་པ་སྟེ། མཚོན་མདངས་བཀྲ་བའི་ལམ་ཆེན་རྒྱང་རིང་དུ་བསྲིངས་ཡོད་པ་དང་། ཡུལ་མིའི་སྡོད་ཁང་གསར་པ་རིམ་པ་སྟར་ཆགས་སུ་གནས་པ། མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སོག་པོའི་གུར་ཕྲ་ཚོམ་བཏབ་པ་ལྟར་གནས་པ། “ཞིང་སྡེ་དཔལ་གྱིས་ཕྱུག ཧོང་ཀོང་བདེ་སྐྱིད་ལྡན”ཞེས་པའི་ཡིག་འབྲུ་ཆེན་པོ་དེ་དག་ཉི་འོད་འོག་དེ་བས་མངོན་གསལ་རབ་ཏུ་དོད།

སྔོན་ཆད་ཀྱི་གྲོང་ཚོ་དཀྱུས་མ་དེ་ད་ཆ་གཏེར་ལེན་ཁ་གྲོང་ཁྱེར་གྱི་སྐད་གྲགས་ཆེ་བའི་དྲ་ཐོག་གྲགས་ཅན་གྱི་ས་ཆར་འགྱུར་བ་སུས་ཀྱང་བསམ་ཚོད་བྱེད་ཐབས་བྲལ། དཔེ་མཚོན་གྱི་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་རྣམ་པའི་གྲོང་ཚོ་ཞིག་ཡིན་པའི་ཧུང་ཀོང་གྲོང་ཚོས“ཏང་ཀྲི་པུའུ་དང་། ཁེ་ལས། མཉམ་ལས་ཁང་། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་འཕེལ་རྒྱས་ལམ་བུ་འཚོལ་ཞིབ་བྱས་ནས་བེད་མེད་དུ་ལུས་པའི་ཁང་ས་རྙིང་པ་བེད་སྤྱད་པ་མ་ཟད། ཞིང་ཁ་དག་མཛེས་ལྗོངས་ཞིང་ཐང་གྲུ་བཞིར་བཅོས་པ་དང་། ཞིང་པའི་སྡོད་ཁང་དག་ཁྱད་ལྡན་དམངས་སྲོལ་གནས་ཚང་ལ་སྒྱུར་བཀོད་བྱས་པ་རེད།

ཚོགས་ཁང་ནས་རིག་གནས་ཐང་ཆེན་བར་དང་། ཞིང་ཁྱིམ་ནས་ཐོན་ལས་གླིང་བར་ཀྲུང་དབྱང་གི་ཡིག་ཆ་ཨང་དང་པོའི་དགོངས་དོན་གྱི་དཔྱིད་རླུང་དེ་ལས་བྱེད་པ་ཚོའི་བྱ་སྤྱོད་དངོས་ལ་གྱུར་ནས། ཧུང་ཀོང་གྲོང་ཚོའི་ཡུལ་གྲུ་གང་སར་ཁྱབ་པ་དང་ཡུལ་མིའི་སེམས་ལ་དྲོ་སྐྱིད་སྦྱིན་ཡོད།

(རིག་རྡོར་གྱིས་སྒྱུར་ཞུས་བྱས)