ཀྲུང་ཧྭ་མི་རིགས་ནི་མི་རིགས་ཁག་གོང་བུ་གཅིག་ཏུ་འགྲིལ་བའི་སྣ་མང་གཞི་གཅིག་གི་ཁྱིམ་ཚང་ཆེན་པོ་ཞིག་ཡིན་པ་དང་མི་རིགས་མཐུན་སྒྲིལ་ནི་རང་རྒྱལ་མི་རིགས་ཁག་གི་མི་དམངས་ཀྱི་སྲོག་ཐིག་ཡིན། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི”འཐབ་ཇུས་བཀོད་སྒྲིག་བཏོན་ཡོད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་མཐུན་སྒྲིལ་ཆེན་མོ་ཁྲིམས་སྐྱོང་ཅན་གྱི་བགྲོད་ལམ་ཐོག་བསྐྱོད་པར་སྐུལ་འདེད་བཏང་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་ལ་སྤུས་ཚད་མཐོ་པོས་སྐུལ་འདེད་གཏོང་བ་དང་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད།
“མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་ཆུ་ཚད་གཞི་ནས་བརྟན་པོའི་ངང་མཐོ་རུ་འགྲོ་ཐུབ”
དབྱི་རག་ཁུར་ཏེ་སི་ཐན་གུང་ཁྲན་ཏང་གི་སྤྱི་ཁྱབ་ཧྲུའུ་ཅི་ཟུར་པ་ཁ་ཝ·མཱ་ཧ་མའོ་ཏེ་ཡིས“སེ་འབྲུའི་རྡོག་པོ་གོང་བུ་གཅིག་ཏུ་སྒྲིལ་བ་ལས་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་ཆེན་པོའི་སྐྱིད་སྡུག་མཉམ་མྱོང་དང་། གཟི་ཁྲེལ་མཉམ་མྱོང་། མཉམ་ཤི་མཉམ་གསོན། ལས་དབང་གཅིག་མཐུན་བཅས་མཚོན་གྱི་ཡོད། ཀྲུང་གོར་མི་རིགས་མཐུན་སྒྲིལ་ཆེན་པོ་སྲུང་སྐྱོང་བྱེད་པའི་ཆོད་སེམས་དང་ནུས་པ་བརྟན་པོ་ཡོད་པ་མ་ཟད། མི་རིགས་ཁག་གི་མང་ཚོགས་ལའང་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་འཕེལ་རྒྱས་དོན་གཉེར་བྱེད་པའི་འདུན་པ་ཆེན་པོ་ཡོད། ཤིན་ཅང་དུ་འཚམས་འདྲི་བྱེད་རིང་ས་གནས་དེ་གའི་བཟོ་གྲྭ་དང་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་མཐོང་བྱུང་། ཀྲུང་གོའི་ཉམས་མྱོང་ལས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་གི་སྔོན་འགྲོའི་ཆ་རྐྱེན་འོག་དཔལ་འབྱོར་ཆུ་ཚད་གཞི་ནས་བརྟན་པོའི་ངང་མཐོ་རུ་འགྲོ་ཐུབ་པ་གསལ་བཤད་བྱེད་ཐུབ”ཅེས་བརྗོད།
ལུའོ་པོ་ཐེ·ཨ་ཏའོ་ཧྥུའུ་ནི་འཇར་མན་གྱི་ཡུལ་སྐོར་དཔོད་བདག་ཅིག་ཡིན་ཞིང་། 2021ལོ་ནས་བཟུང་ཁོང་གིས་ཀུའེ་ཀྲོའུ་རུ་ས་གནས་དེ་གའི་གྲངས་ཉུང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་འབྲེལ་བའི་དངོས་མཚོན་པར་གཞི་མང་པོ་ཞིག་བླངས་ཡོད། “སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ནི་ང་རང་ཀུའེ་ཀྲོའུ་ལ་དགའ་པོ་བྱེད་པའི་རྒྱུ་རྐྱེན་གལ་ཆེན་ཞིག་ཡིན”ཞེས་ཨ་ཏའོ་ཧྥུའུ་ཡིས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་མི་དེ་བས་མང་པོར་མཉམ་སྤྱོད་བྱས་ཏེ། འཛམ་གླིང་གིས་མི་རིགས་དེ་དག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཤེས་རྟོགས་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པའི་གྲུབ་འབྲས་ཆེན་པོ་ཤེས་རྟོགས་ཐུབ་རྒྱུའི་རེ་བ་ཡོད་ཅེས་བརྗོད།
“འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན”ཞེས་པའི་གསོན་ཉམས་དོད་པའི་མ་དཔེ་ངས་དངོས་སུ་མཐོང་བྱུང་།
ན་ནིང་དབྱར་ཁར་སི་ཕེན་གྱི《གོ་ལ་ཧྲིལ་པོའི་འཛམ་གླིང》གི་གསར་འགོད་པ་ཧྥེར་ནན་ཏུའོ·མོ་ལཱ་ལའེ་སིས་ཤིན་ཅང་ཁ་ཧྲི་ས་ཁུལ་ཅ་ཧྲི་རྫོང་དུ་སེམས་འགུལ་ཐེབས་པའི་གནས་ཚུལ་ཞིག་མཐོང་བ་ནི་དྭངས་གཙང་གི་ཆུ་ཀ་ལ་ཡུ་གུར་རིགས་ཀྱི་ཡུལ་མི་སྤུན་ཟླའི་སྒོ་རའི་ནང་ཁྲིད་ཡོད་པ་དེ་རེད། ལོ་འགའི་གོང་དུ་འདི་གའི་མི་རྣམས་ཀྱིས་ད་དུང་ཚྭ་ཆུ་འཐུང་བཞིན་པ་སུ་ཞིག་གིས་ཤེས་ཐུབ། “ལོ་གཉིས་ཀྱང་མ་སོང་བར་མི་རབས་ཁ་ཤས་རིང་གི་དཀའ་གནད་དེ་རྦད་དེ་བསལ་ཡོད”2019ལོར་ས་གནས་དེས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ལས་གྲྭ་གཉེར་ཏེ། གངས་འཁྱགས་ཀྱི་བཞུར་ཆུ་དྭངས་འབྱེད་བྱས་མཐར་སྤྱི་ལེ་1827ཡོད་པའི་མདོང་ལམ་དྲ་བ་བརྒྱུད་དུད་ཚང་ཁྲི་སྟོང་མང་པོར་ཁྲིད་པ་དང་2020ལོའི་ཟླ་5པར་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་གདལ་གཏོང་ཚད་དང་། གཅིག་སྡུད་ཐོག་ཆུ་མཁོ་འདོན་བྱེད་ཚད། འཐུང་ཆུ་བདེ་འཇགས་ཡིན་ཚད་བཅས་ཚང་མ་100%ཟིན་ཡོད། “འདི་གར‘འཕེལ་རྒྱས་གཏོང་བ་ནི་མི་དམངས་ཀྱི་ཆེད་དུ་ཡིན’ཞེས་པའི་གསོན་ཉམས་དོད་པའི་མ་དཔེ་དངོས་སུ་མཐོང་བྱུང”ཞེས་མོ་ལཱ་ལའེ་སིས་བརྗོད།
མ་ལེ་ཞི་ཡའི་ཁྲེན་ཅ་ཀེང་ཐེབས་རྩ་རིག་གནས་ལྟེ་གནས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲེན་སུང་ཆིང་གིས་དེ་སྔ་སྒེར་འཁོར་བཏང་ནས་བོད་དུ་ཐེངས་གསུམ་ཡོང་སྟེ་འཁྱགས་རོམ་གྱི་མཛེས་ལྗོངས་མྱོང་རོལ་བྱས་པ་མ་ཟད། ཇོ་མོ་གླང་མའི་སྒར་ས་ཆེ་མོར་ཡང་འགྲོ་མྱོང་ཡོད། ཁྲེན་སུང་ཆིང་གིས“བོད་དུ་ཕྱོགས་གསུམ་གྱི་ཐད་ནས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། གཅིག་ནི་ས་གནས་དེ་གའི་དམངས་ཚོགས་ཀྱི་འཚོ་བ་ཡག་པོ་ཡོད་པ་དང་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། གཉིས་ནི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་ཐུབ་ནས་ལྷ་ཡུལ་ལྟར་མཛེས་པ། གསུམ་ནི་ས་གནས་དེ་གའི་བོད་རིགས་དམངས་ཚོགས་ཧ་ཅང་མཛའ་ཞིང་མཐུན་ལ་སེམས་རྩ་འཁོལ་པོ་འདུག འདི་དག་སྨྱན་སྦྱོར་ཁག་གཅིག་གིས་སྤེལ་བའི་གནས་ཚུལ་དང་གཏན་ནས་འདྲ་གི་མི་འདུག”ཅེས་བརྗོད། ཁོང་གིས་ད་དུང“བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བར་མཆོང་སྐྱོད་བྱུང་བ་དེ་ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་ཡར་རྒྱས་བྱུང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་ཏུ་གྱུར་ཡོད”ཅེས་བརྗོད།
“འཛམ་གླིང་གི་སྣ་མང་རིག་གནས་ཞི་མཐུན་མཉམ་གནས་ཡོང་བར་བློ་སྒོ་གལ་ཆེན་ཕྱེ་བ”
རྒྱལ་ཁོངས་དབྱིན་ཇི་ནས་ཡིན་པའི་བརྙན་ལམ་དཔོད་བདག་སི་ཐུའུ་ཨེར་ཐེ·ཝུའེ་ཅིན་ཀྲུང་གོའི་མི་རིགས་མང་པོ་འདུས་སྡོད་ཁུལ་གྱི་ཞིང་ཆེན་10ལྷག་ཙམ་དུ་འགྲོ་མྱོང་ཞིང་། ས་གནས་དེ་དག་གི་ཞི་མཐུན་བརྟན་ལྷིང་གི་སྤྱི་ཚོགས་དང་། ཉིན་བཞིན་འཕེལ་རྒྱས་དང་འགྱུར་ལྡོག་འགྲོ་བཞིན་པའི་རྣམ་པ། མི་དམངས་ཀྱི་བདེ་ཞིང་སྐྱིད་པའི་འཚོ་བ་བཅས་ཀྱིས་ཁོང་ལ་བག་ཆགས་ཟབ་མོ་བཞག་ཡོད། “འབྱུང་འགྱུར་ངས་མུ་མཐུད་ཕྱི་རྒྱལ་བའི་ཐུན་མོང་མ་ཡིན་པའི་ལྟ་ཕྱོགས་ནས་བརྙན་ཐུང་བརྒྱུད་འཛམ་གླིང་ལ་སྤྱིར་བཏང་ཡིན་ཡང་མི་སེམས་འགུལ་བའི་གཏམ་རྒྱུད་འདི་དག་མཉམ་སྤྱོད་བྱེད་རྒྱུ་མ་ཟད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་གཏོང་བ་དང་ཐུན་མོང་དར་རྒྱས་ཡོང་བའི་ཐད་ཀྱི་ཀྲུང་གོའི་རྩ་ཆེའི་ཉམས་མྱོང་ཡང་ངོ་སྤྲོད་བྱེད་ཀྱི་ཡིན”ཞེས་བརྗོད།
ཨེ་ཅིབ་ཀྱི་ཤིས་ཁེ་མའེ་ཐེ་རིག་གནས་ཐོན་ལས་ཚོགས་པའི་ཙུང་ཚའེ་ཨའེ་ཧ་མའེ་ཏེ·སའེ་དབྱི་ཏེས“སྤྱོད་གོ་ཆོད་པའི་མི་རིགས་སྲིད་ཇུས་དང་བྱེད་ཐབས་རབ་དང་རིམ་པ་བརྒྱུད་མི་རིགས་ཁག་དབར་འདྲ་མཉམ་དང་། མཐུན་སྒྲིལ། ཐུན་མོང་ཐོག་ཡར་རྒྱས་བཅས་བྱུང་ནས་རྒྱལ་ཁབ་ཀྱི་གཅིག་གྱུར་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱས་པ་དང་ཀྲུང་གོ་རྒྱུན་མཐུད་འཕེལ་རྒྱས་དང་དར་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད”ཅེས་བརྗོད་པ་དང་། ཡང་ཁོང་གིས“ཀྲུང་གོའི་གཏམ་རྒྱུད་ཀྱིས་འཛམ་གླིང་གི་སྣ་མང་རིག་གནས་ཞི་མཐུན་མཉམ་གནས་ལ་བློ་སྒོ་གལ་ཆེན་ཕྱེ་ཡོད”ཅེས་བརྗོད།
(བདེ་སྐྱིད་དང་དབང་སྒྲོན་སྐྱིད་ཀྱིས་སྒྱུར་ཞུས་བྱས)