འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་སློབ་གསོ་པུའུ་དང་མཉམ་དུ《བུ་བཅོལ་ཁང་གིས་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ལ་ལྟ་འདོམས་ཀྱི་གཏན་འབེབས(བསམ་འཆར་བསྡུ་ལེན་མ་ཟིན)》ཀྱི་འཆར་ཟིན་བཀོད་དེ་སྤྱི་ཚོགས་ཐོག་ཡོངས་བསྒྲགས་ངང་བསམ་འཆར་བསྡུ་ལེན་བྱས་པ་དང་དུས་ཡུན་ཉིན་30ཡིན་པ་རེད། བསམ་འཆར་བསྡུ་ལེན་མ་ཟིན་ལ་ཁྱོན་དོན་ཚན་32ཡོད་པ་དེའི་དམིགས་ཡུལ་ནི་བུ་བཅོལ་ཁང་དང་། འགན་གཙང་གཉེར་སྐྱོང་ཁེ་ལས། དེ་བཞིན་བཟའ་བཅའ་མཁོ་འདོན་ཚན་པ་བཅས་ཀྱི་བཟའ་བཅའི་བདེ་འཇགས་ཀྱི་བྱེད་པོའི་འགན་འཁྲི་སྔར་བས་ནན་དུ་བཏང་ནས་བྱིས་པའི་བཟའ་བཅའི་བདེ་འཇགས་འགན་ལེན་ཏན་ཏིག་བྱ་ཆེད་ཡིན་པ་རེད།
བསམ་འཆར་བསྡུ་ལེན་མ་ཟིན་ནང་བཏོན་དོན། བུ་བཅོལ་ཁང་གིས་གཅིག་སྡུད་ཐོག་ཟ་བའི་ཁ་ལག་ཐད་སྤྱི་ཕན་དང་། སྟབས་བདེ། བདེ་ཐང་བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་པ་དང་། བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཐད་དུ་ཡོན་ཀྲང་གི་འགན་འཁུར་ལམ་ལུགས་ལག་བསྟར་བྱེད་དགོས་པ་མ་ཟད། ཁྲིམས་ལྟར་བཟའ་བཅའི་བདེ་འཇགས་ཀྱི་སྤྱི་ཁྱབ་ལྟ་ཞིབ་པ་དང་བདེ་སྲུང་བ་བཀོད་སྒྲིག་བྱས་ཏེ། “ཉིན་རེའི་དོ་དམ་ཚོད་འཛིན་དང་། གཟའ་འཁོར་རེའི་གྲལ་བཤེར། ཟླ་རེའི་བཀོད་གཏོང”བཅས་ཀྱི་ལམ་ལུགས་དང་ལམ་སྲོལ་དོན་འཁྱོལ་བྱེད་དགོས། བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁའི་ཁྱད་ཆོས་དང་ཟུང་འབྲེལ་གྱིས། ཁ་ལག་མཁོ་འདོན་བྱེད་སྟངས་འདེམས་པ་དང་། བཟའ་བཅའི་རྒྱུ་ཆ་ཉོ་སྒྲུབ་དང་ཞིབ་བཤེར་རྩིས་ལེན། ལས་སྣོན་དང་བཟོ་བའི་བརྒྱུད་རིམ་ལ་ཚོད་འཛིན། ཉེན་ཁ་ཆེ་བའི་བཟའ་བཅའ་ལ་ཚོད་འཛིན། བཟའ་བཏུང་ཡོ་བྱད་གཙང་འཁྲུད་དུག་སེལ་སོགས་འགག་རྩའི་ལྷུ་ཚིགས་ལ་དམིགས་ཏེ་འགན་འཁྲི་དོན་འཁྱོལ་གྱི་བླང་བྱ་ཁ་གསལ་བཏོན་ནས། བུ་བཅོལ་ཁང་གི་བཟའ་བཅའི་བདེ་འཇགས་ཀྱི་ཉེན་ཁ་སྔོན་འགོག་ཚོད་འཛིན་མ་ལག་ཧུར་ཐག་གཏོད་དགོས།
བསམ་འཆར་བསྡུ་ལེན་མ་ཟིན་ནང་ལས་ཀ་བྱེད་མཁན་གྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁྱིམ་ཚང་དང་སློབ་གྲྭས་མཉམ་དུ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་གཏན་འབེབས་བྱས་པ་དང་འབྲེལ། བུ་བཅོལ་ཁང་གི་ཟ་ཁང་དང་། འགན་གཙང་གཉེར་སྐྱོང་ཁེ་ལས། བཟའ་བཅའ་མཁོ་འདོན་ཚན་པ་བཅས་ཀྱིས་བཟའ་བཅའི་བདེ་འཇགས་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་དང་སྒྲིག་སྲོལ་ལས་འགལ་བར་ཆད་པ་ནན་པོ་གཅོད་དགོས་པ་དང་། འབྲེལ་ཡོད་མི་སྣར་ཁྲིམས་ལྟར་ཆད་པ་གཅོད་པ་དང་འབྲེལ་ཡོད་ལས་གཉེར་བ་བཀག་སྡོམ་བྱེད་དགོས་པ་ཁ་གསལ་བཏོན་ཡོད།
(ལྷག་ཚེས་བསྒྱུར། པད་ཆོས་ཀྱིས་ཞུས)