《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2026年03月30日

ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའི་གཟེངས་བསྟོད་བཞུགས་མོལ་ཚོགས་འདུ་སྐབས་དྲུག་པ་པེ་ཅིང་དུ་འཚོགས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་27ཉིན་གློག་འཕྲིན་འབྱོར་གསལ། ཚེས་27ཉིན། སྐབས་དྲུག་པའི་ཀྲུང་གོའི་དཔེ་སྐྲུན་གྱི་སྲིད་གཞུང་བྱ་དགའི་གཟེངས་བསྟོད་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་དྲིལ་བསྒྲགས་པུའི་པུའུ་ཀྲང་ལི་ཧྲུའུ་ལེ་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་རེད།

ཚོགས་ཞུགས་མི་སྣས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔེ་སྐྲུན་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སྤེལ་བ་དང་། དཔེ་སྐྲུན་ལས་དོན་གྱི་རྩ་བ་དང་ཕུགས་ལ་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་རབ་དང་རིམ་པར་གསལ་འགྲེལ་གཏིང་ཟབ་གནང་སྟེ། རང་རྒྱལ་གྱི་དཔེ་སྐྲུན་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ཞི་ཅིན་ཕིང་གི་རིག་གནས་དགོངས་པ་སློབ་སྦྱོང་དང་ལག་ལེན་གཏིང་ཟབ་བསྟར་བ་དང་། གོ་སྐབས་དང་འགྲན་སློང་ལ་སྟངས་འཛིན་བྱེད་པ། འཕེལ་རྒྱས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ་བཅས་བྱས་ཏེ་དཔེ་སྐྲུན་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་རིག་གནས་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་ལ་རམ་འདེགས་བྱེད་དགོས་པའི་ངོས་འཛིན་གནང་བ་རེད།

ཚོགས་ཞུགས་མི་སྣས། མི་དམངས་ལ་དཔེ་དེབ་ཡག་པོ་དཔེ་སྐྲུན་བྱེད་པའི་རིག་གནས་ཀྱི་འདུན་པ་བརྟན་པོར་སྲུང་བ་དང་། ཏང་དང་རྒྱལ་ཁབ་ཀྱི་ལྟེ་བའི་ལས་འགན་ལ་དམིགས་ནས་དུས་རབས་ལ་ངོ་གནོང་མི་དགོས་པ་དང་མི་རབས་རྗེས་མར་བརྒྱུད་ཐུབ་པའི་ཕུལ་བྱུང་བརྩམས་ཆོས་ཇུས་འགོད་དཔེ་སྐྲུན་བྱེད་པ། སྤུས་ཚད་མཐོ་པོས་གནའ་དཔེ་གཙོ་བོ་ལེགས་སྒྲིག་དང་དཔེ་སྐྲུན་ལ་སྐུལ་འདེད་གཏོང་བ། རིག་གཞུང་དཔེ་སྐྲུན་ལས་དོན་ནན་ཏན་ངང་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་ཤིན་ཏུ་འགན་འཁུར་བའི་རྣམ་འགྱུར་དང་དཀའ་སྤྱད་སྙིང་རུས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཔེ་སྐྲུན་དངོས་པོའི་སྤུས་ཚད་མཐོ་རུ་གཏོང་དགོས། སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དཔེ་སྐྲུན་ལས་རིགས་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཆར་འགོད་ཁྲིད་སྟོན་ལ་ཤུགས་སྣོན་རྒྱག་པ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་ཤུགས་ཆེ་རུ་གཏོང་བ། པར་དབང་ལས་དོན་ལེགས་སུ་གཏོང་བ་བཅས་བྱས་ཏེ། 《དམངས་ཡོངས་ཀྱི་དཔེ་ཀློག་སྐུལ་སྤེལ་སྲོལ་ཡིག》ལག་ལེན་བསྟར་རྒྱུ་གོ་སྐབས་སུ་བྱས་ནས་དཔེ་ཀློག་གི་རྣམ་པ་ཟབ་པའི་སྤྱི་ཚོགས་བསྐྲུན་ཐོག་དཔེ་སྐྲུན་དངོས་པོ་འཛམ་བུ་གླིང་དུ་གང་མགྱོགས་ཁྱབ་ཐུབ་པར་བྱེད་དགོས། ཤེས་ལྡན་པ་གཙོ་བོར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཆུ་ཚད་མཐོ་བའི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རྒྱ་ཆེའི་དཔེ་སྐྲུན་ཤེས་ལྡན་པ་རིག་གནས་གསར་གཏོད་བྱ་བར་ཞུགས་པ་དང་སོ་སོའི་འཇོན་ཐང་ངོམས་ཐུབ་པར་བྱེད་དགོས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་གཟེངས་བསྟོད་ཀྱི་གཏན་འབེབས་སྒྲོག་སྦྱངས་གནང་ཞིང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་དང་ཤིན་ཅང་ཐོན་སྐྱེད་འཛུགས་སྐྲུན་པིང་ཐོན་ཏང་ཨུད་དྲིལ་བསྒྲགས་པུའུ་དང་། འབྲེལ་ཡོད་གཙོ་སྐྱོང་གཙོ་གཉེར་ཚན་པའི་འགན་འཁུར་བློ་མཐུན་དང་བྱ་དགའ་ཐོབ་པའི་འཐུས་མི་སོགས་ཚོགས་འདུར་ཞུགས་ཡོད་པ་རེད།

(སྐལ་མཆོག་གིས་བསྒྱུར། བསྟན་འཛིན་གྱིས་ཞུས)