ཤིན་ཧྭ་གསར་འགྱུར་ཁང་ཧར་པིན་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཚེས་15ཉིན། མི་རིང་བའི་གོང་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་ཞུགས་མ་ཐག་ཡིན་པའི་གངས་ཤུད་རི་འཛེག་གི་བདམས་ཐོན་པ་ཚེ་བརྟན་གཡུ་སྒྲོན་གྱིས་རྒྱལ་ཡོངས་ཀྱི་གངས་ཤུད་རི་འཛེག་གི་ཨང་དང་པོ་བརྩོན་ལེན་གྱི་འགྲན་བསྡུར་ནང་ཨང་དང་པོ་བླངས་པ་མ་ཟད། རོགས་པ་ཀུན་བཟང་རྣམ་རྒྱལ་དང་མཉམ་དུ་མཉམ་བསྲེས་མཐུད་རྒྱུག་འགྲན་བསྡུར་ཁྲོད་བོད་ལྗོངས་རུ་ཁག་ལ་གསེར་གྱི་རྟགས་མའང་བླངས་ཡོད། གཞོན་ནུའི་ཚོགས་ཆུང་ནང་རུ་ཁག་ཁག་རྒྱ་ཁྱབ་ངང་འགྲན་བསྡུར་ནང་ཞུགས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་གསར་པའི་རྗེས་གྲབས་རུ་ཁག་འཛུགས་སྐྱོང་གི་ཕན་འབྲས་རགས་ཙམ་ཐོན་ཡོད།
གངས་ཤུད་རི་འཛེག་ནི་སྨི་ལན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་གསར་པ་ཞིག་ཡིན་ཞིང་། ཟླ་བ་གཅིག་ལྷག་ཙམ་གྱི་གོང་དུ་ཨེ་ཤེ་ཡའི་བདམས་ཐོན་པ་གཉིས་ལས་མེད་པའི་ཚེ་བརྟན་གཡུ་སྒྲོན་དང་པུ་ལུར་གྱིས་དགུན་དུས་ཨོ་རྩལ་འགྲན་ཚོགས་ནང་ཞུགས་པ་དང་འབྲེལ། མཉམ་བསྲེས་མཐུད་རྒྱུག་ཁྲོད་ཨང་བརྒྱད་པ་བླངས་ཡོད།
ད་ཐེངས་རྒྱལ་ནང་གི་འགྲན་རར་པུ་ལུར་འགྲན་བསྡུར་ནང་ཞུགས་མེད་པ་དང་ཚེ་བརྟན་གཡུ་སྒྲོན་གྱིས་བོད་ལྗོངས་རུ་ཁག་གི་འཐུས་མི་བྱས་ནས་འགྲན་བསྡུར་ནང་ཞུགས་ཡོད། མཉམ་བསྲེས་མཐུད་རྒྱུག་ཁྲོད་རྒྱལ་སྤྱིའི་སྒྲིག་སྲོལ་དང་དཔེ་བསྡུར་བྱས་ནས། གྲ་སྒྲིག་འགྲན་བསྡུར་ནང་རུ་ཁག་ཁག་གི་མཉམ་སྒྲིག་འཐུས་མིའི་ཨང་དང་པོ་རིམ་སྤོར་མཐའ་བསྡུར་ནང་ཞུགས་ཆོག་གི་ཡོད། མཉམ་སྒྲིག་བདུན་མངགས་པའི་བོད་ལྗོངས་རུ་ཁག་གིས་རུ་ཁག་ནང་ཁུལ་དུ་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། མཉམ་སྒྲིག་མང་པོ་ཞིག་གྲ་སྒྲིག་འགྲན་བསྡུར་ནང་མདུན་གྱི་ཨང་བཅུ་གཉིས་ནང་ཚུད་ཡོད་མོད། འོན་ཀྱང་མཐར་ཚེ་བརྟན་གཡུ་སྒྲོན་དང་ཀུན་བཟང་རྣམ་རྒྱལ་གཉིས་མ་གཏོགས་མཐའ་བསྡུར་ནང་ཚུད་མེད། ཁོང་གཉིས་ཀྱིས་འགྲན་བསྡུར་མཇུག་འགྲིལ་རྗེས“བོད་ལྗོངས་རུ་ཁག་གི་ཚོགས་ཆུང་ཁག་གིས་གྲ་སྒྲིག་འགྲན་བསྡུར་ནང་ནུས་ཤུགས་ཡོད་རྒུ་བཏོན་ཡོད”ཅེས་བཤད།
ད་ཐེངས་ཀྱི་འགྲན་བསྡུར་ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་རྗེས་ཀྱི་རྒྱལ་ནང་གི་འགྲན་བསྡུར་ཆེ་གྲས་ཐོག་མ་དེ་ཡིན་ལ། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱང་བདམས་ཐོན་པ་ཚོའི་གླེང་མང་ཤོས་ཀྱི་བརྗོད་གཞིར་གྱུར་ཡོད།
“དགུན་དུས་ཨོ་རྩལ་འགྲན་ཚོགས་མ་འཚོག་གོང་། འགྲན་བསྡུར་ཆེན་པོ་འདི་འདྲ་ཞིག་མཇུག་འགྲིལ་རྗེས་རང་ཉིད་ཀྱང་ལྷོད་ལ་བབས་སྲིད་སྙམ་བྱུང་། འོན་ཀྱང་འགྲན་བསྡུར་ཚར་རྗེས་གངས་ཤུད་རི་འཛེག་ལ་དེ་བས་རྒྱུས་ལོན་བྱེད་འདོད་བྱུང”ཞེས་ཚེ་བརྟན་གཡུ་སྒྲོན་གྱིས་བཤད་པ་དང་། ཁོང་གིས། དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་ངས་བརྒྱུད་མྱོང་བའི་ཤུགས་ཚད་ཆེ་ཤོས་ཀྱི་འགྲན་བསྡུར་ཞིག་ཡིན་པས། འགྲན་བསྡུར་དྲག་པོ་དེས་ངའི་རྒྱལ་ཁ་ཐོབ་འདོད་ཀྱི་སེམས་པ་དེ་བས་ཆེ་རུ་ཕྱིན་སོང་ཞེས་བཤད།
2021ལོར་གངས་ཤུད་རི་འཛེག་རྣམ་གྲངས་དེ་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཆེ་གྲས་སུ་གཏན་འཁེལ་བྱས་རྗེས། རྒྱལ་ནང་གི་ས་ཆ་མང་པོར་ཆེད་ལས་རུ་ཁག་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཡོད་ཅིང་། ད་ཐེངས་ཀྱི་ཨང་དང་པོ་བརྩོན་ལེན་གྱི་འགྲན་བསྡུར་ནང་རུ་ཁག་12ཀྱི་བདམས་ཐོན་པ་140ལྷག་ཙམ་ཞུགས་ཡོད་པ་དང་རུ་ཁག་ཚང་མ་UI6དང་UI4གཞོན་ནུའི་ཚོགས་ཆུང་གཉིས་ཀྱི་འགྲན་བསྡུར་ནང་ཞུགས་ཡོད།
(པད་ཆོས་ཀྱིས་བསྒྱུར། ལྷག་ཚེས་ཞུས)