ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྒྲོལ་དྲ་ཚོང་ཕྱིར་གཏོང་ལ་སྔར་བས་སྐུལ་འདེད་གཏོང་ཆེད། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་ཉེ་ཆར་སྤྱི་བསྒྲགས་སྤེལ་ནས་2026ལོའི་ཟླ་4ཚེས་1ཉིན་ནས་བཟུང་། རྒྱལ་ཡོངས་ཀྱི་འགག་སྒོ་ཡོངས་སུ་རྒྱལ་སྒྲོལ་དྲ་ཚོང་གི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་གི་འགག་སྒྲོལ་ཁུལ་གྱི་ཕྱིར་སློག་བྱེད་སྟངས་ཁྱབ་གདལ་བཏང་ཡོད།
རྒྱལ་སྒྲོལ་དྲ་ཚོང་གི་སིལ་ཚོང་ཕྱིར་གཏོང་ཚོང་ཟོག(འགག་སྒོ་ལྟ་འདོམས་ཚབ་རྟགས་9610)གི་འགག་སྒྲོལ་ཁུལ་གྱི་ཕྱིར་སློག་ཞེས་པ་ནི་རྒྱལ་སྒྲོལ་དྲ་ཚོང་ཁེ་ལས་ཀྱིས་སིལ་ཚོང་ཕྱིར་གཏོང་བྱས་པའི་ཚོང་ཟོག་ཕྱི་རྒྱལ་དུ་ཕྱིར་སློག་བྱེད་སྐབས་ངེས་པར་དུ་དེ་སྔའི་ཕྱིར་གཏོང་འགག་སྒོ་ནས་ཕྱིར་སློག་བྱེད་མི་དགོས་པར་སྐབས་བསྟུན་གྱིས་རྒྱལ་ཡོངས་ཁྱབ་ཁོངས་ཀྱི་འགག་སྒོ་གང་རུང་བདམས་ནས་ཕྱིར་སློག་གི་འགྲོ་ལུགས་གཉེར་ཆོག་པའི་ལྟ་འདོམས་བྱེད་སྟངས་ཤིག་ལ་ཟེར།
ཤེས་རྟོགས་བྱུང་བར་གཞིགས་ན། འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡིས་2024ལོའི་ཟླ་11པར་སྤྱི་བསྒྲགས་སྤེལ་ནས་ལོ་དེའི་ཟླ་12ཚེས་15ཉིན་ནས་བཟུང་། པེ་ཅིང་དང་། ཐེན་ཅིན། ཏ་ལེན། ཧར་པིན། ཧྲང་ཧའེ། ནན་ཅིང་། ཧང་ཀྲོའུ། ཁྲེང་ཏུའུ། ཝུའུ་ལུའུ་མུའུ་ཆི་སོགས་ཐད་གཏོགས་འགག་སྒོ་20རུ་རྒྱལ་སྒྲོལ་དྲ་ཚོང་སིལ་ཚོང་ཕྱིར་གཏོང་གི་འགག་སྒྲོལ་ཁུལ་གྱི་ཚོང་ཟོག་ཕྱིར་སློག་གི་ལྟ་འདོམས་བྱེད་སྟངས་ཚོད་ལྟ་བྱེད་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད། ལོ་གཅིག་རིང་ཚོད་ལྟ་བྱས་པ་བརྒྱུད་ད་ཆ་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་བའི་ཆ་རྐྱེན་འཛོམས་ཡོད་པ་རེད།
ད་ཐེངས་ཡོངས་བསྒྲགས་བྱས་པའི་སྤྱི་བསྒྲགས་ཀྱི་བླང་བྱར་གཞིགས་ན། འགག་སྒྲོལ་ཁུལ་གྱི་ཚོང་ཟོག་ཕྱིར་སློག་བྱེད་སྟངས་དེ་རྒྱལ་སྒྲོལ་དྲ་ཚོང་སིལ་ཚོང་ཕྱིར་གཏོང་ཚོང་ཟོག་ཁོ་ནར་སྤྱོད་ཆོག་པ་སྟེ་དེར“9610བྱེད་སྟངས”ཟེར། དེ་དང་ཆབས་ཅིག རྒྱལ་སྒྲོལ་དྲ་ཚོང་སིལ་ཚོང་ཕྱིར་གཏོང་གི་ཕྱིར་སློག་ཚོང་ཟོག་འགག་སྒྲོལ་ཁུལ་ནས་ཕྱིར་སློག་བྱེད་ཆོག་མོད། འོན་ཀྱང་ཕྱིར་སློག་བྱས་པའི་ཚོང་ཟོག་རྣམས་རྒྱལ་སྒྲོལ་དྲ་ཚོང་སིལ་ཚོང་ཕྱིར་གཏོང་ལས་སྒོ་གཉེར་སའི་འགག་སྒོའི་ལྟ་འདོམས་བྱ་ཡུལ་ལམ་ཡང་ན་ལས་ཡུལ་ཁོ་ནར་ཕྱིར་སློག་བྱེད་དགོས།
འགག་སྒོ་སྤྱི་ཁྱབ་ཧྲུའུ་ཡི་འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། ད་ཐེངས་འགག་སྒྲོལ་ཁུལ་གྱི་ཚོང་ཟོག་ཕྱིར་སློག་སྲིད་ཇུས་འདོན་པའི་དམིགས་ཡུལ་ནི་སྲོལ་རྒྱུན་རྣམ་པའི་འོག“ཚོང་ཟོག་ཕྱིར་སློག་བྱེད་དཀའ་བ་དང་། མ་གནས་མཐོ་བ། དུས་ཡུན་རིང་བ” བཅས་ཀྱི་ལས་རིགས་ཀྱི་དཀའ་གནད་བསལ་ནས་ཁེ་ལས་ལ་དེ་བས་ནུས་ཆེ་དང་གྲོན་ཆུང་ཐུབ་པའི་ལྡོག་ཕྱོགས་ཀྱི་ཟོག་འགྲེམས་བགྲོད་ལམ་མཁོ་འདོན་བྱས་ཏེ། འཛད་སྤྱོད་པའི་ཉོ་སྒྲུབ་ཉམས་ལེན་དང་ཁེ་ལས་ཀྱི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་ཆེད་རེད།
(ཚེ་དབང་ལྷ་མོས་བསྒྱུར། བདེ་དབང་དང་ཚེ་ལྷས་ཞུས)